༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།༽ཁག་དང་པོ། བོད་ཀྱི་ས་གདན་གྱི་ཕྱུག་འགྱུར་ལམ་བུ།
2022.06.07 ཁུངས། ཀློག་གྲངས། 39

མཚོ་སྔོན་ཞིང་ཆེན་གྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་སེམས་སུ་འཛིན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་བཏང་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དེ་མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་ལྟར། རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་ཉར་བ་དང་ཞིང་ཆེན་གྱི་དོན་ཆེན་ཡིད་ལ་བཟུང་སྟེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཁེ་ཕན་དེ་མི་དམངས་མང་ཚོགས་ལ་དངོས་སུ་ཐོབ་པར་བྱས།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་ཡོང་ནས་རྟོག་ཞིབ་མཛད། ཐོན་སྐྱེད་འཁོར་ཁང་དུ། ཞི་ཅིན་ཕིང་གིས་མ་བཅོས་རྒྱུ་ཆ་དང་། ཐོན་སྐྱེད་བརྒྱུད་རིམ། ཐོན་རྫས་འགྲེམ་སྟོན་སོགས་ལ་གཟིགས་ནས། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱ་ཡག་བོད་ཀྱི་ས་གདན་འཁེལ་འཐག་ལག་རྩལ་སྲུང་སྐྱོབ་རྒྱུན་འཛིན་བྱེད་པར་རྒྱུན་ལོན་བྱས་ཏེ། ཁེ་ལས་ཀྱིས་ས་གནས་མང་ཚོགས་ཀྱི་ལས་ཞུགས་འཕར་སྣོན་ལ་ནུས་པ་ཐོན་པར་ཁས་ལེན་གང་ལེགས་མཛད།  ཁེ་ལས་བརྟག་འཇལ་དང་ཇུས་འགོད་སྡེ་ཁག་ཏུ། ཞི་ཅིན་ཕིང་གིས་ཐོན་རྫས་ཀྱི་བརྡར་བཟོད་ཚོད་ལྟ་དང་། ཐོན་རྫས་ཇུས་འགོད་ཀྱི་དཔེ་དབྱིབས་ལ་ཞིབ་ཏུ་གཟིགས་ཤིང་། ཐོན་རྫས་ཀྱི་ཚོང་ལམ་དང་ཁེ་ལས་གསར་གཏོད་འཕེལ་རྒྱས་ཀྱི་གནས་ཚུལ་ཞིབ་མོར་དྲིས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན་ཆེས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་། ཆེས་གསོན་ཤུགས་ལྡན་པའི་ཁེ་ལས་གཙོར་བཟུང་སྟེ། ཁྱད་ལྡན་ཐོན་ལས་ཀྱིས་སྤུས་ལེགས་ཁེ་ལས་གསོ་སྐྱོང་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་ཀྱིས་ཐོན་ལས་མཐོར་འདེགས་ལ་རོགས་ཤུགས་འདོན་དགོས།

ལོ་གཅིག་གི་རྗེས་སུ། གསར་འགོད་པ་ཡང་བསྐྱར་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་སོང་བ་ན། ཁེ་ལས་དེའི་ཇུས་འགོད་དང་། ཞིབ་འཇུག་གསར་སྤེལ། ཐོན་སྐྱེད། ཚོང་གཉེར། བརྟག་འཇལ་སོགས་སྡེ་ཁག་གི་མཉམ་འབྲེལ་སྟོབས་ཤུགས་འོག བྱ་བྱེའུ་དང་མེ་ཏོག  མཛེས་ལྗོངས་སོགས་དཔེ་རིས་སྣ་མང་གིས་བརྒྱད་པའི་བོད་ཀྱི་ས་གདན་རེ་རེ་ཀུན་གྱི་མིག་ལམ་དུ་བསྟར་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོའི་བོད་ཀྱི་ས་གདན་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད།  དེང་སྐབས། མཚོ་སྔོན་བོད་ཀྱི་ས་གདན་ལ་རྒྱུན་འཛིན་དང་དར་ཁྱབ་གཉིས་འཛོམས་ཡིན་ཏེ། སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་ཐུབ་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཀྱང་གཏོང་ཐུབ་པས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད།

བོད་ཀྱི་ས་གདན་དང་། ཤར་ཕྱོགས་ཀྱི་ས་གདན།   ཏ་ཟིག་གི་ས་གདན་བཅས་ནི་འཛམ་གླིང་གི་མིང་དུ་གྲགས་པའི་ས་གདན་གསུམ་ཡིན་ལ། མཚོ་སྔོན་ཞིང་ཆེན་ལ་མཚོན་ན་བོད་ཀྱི་ས་གདན་འཐག་ཡུལ་ཡིན་ལ། ལག་འཐག་ནས་ལག་ཤེས་དང་འཕྲུལ་ཆས་ཟུང་འབྲེལ་གྱིས་འཐག་པ།  གཞི་ཁྱོན་ཆེན་མོའི་ཇུས་བཟོ་ནས་རང་གཤིས་ཅན་གྱི་མངག་བཟོ།  མངག་བཟོ་རྣམ་པ་ནས་རིག་ནུས་ཇུས་བཟོ་བཅས་སུ་འཕེལ་རྒྱས་བྱུང་བ་དང་། མཚོ་སྔོན་གྱིས་སྤུས་ལེགས་ནོར་ཁུལ་དང་ལུག་བལ་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། བོད་ཀྱི་ས་གདན་གྱི་ཁྱད་ལྡན་ཐོན་ལས་དེ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་།

མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཞུའེ་ཐིན་གྱིས་བཤད་རྒྱུར། མ་བཅོས་རྒྱུ་ཆ་འདེམ་པ་དང་ལག་ཤེས་བཟོ་རྩལ་གང་ཡིན་ཀྱང་། བོད་ཀྱི་ས་གདན་ལས་སྣོན་ཐོན་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་རྫོད་སྐྱོན་མི་གཏོང་བ་ཕལ་ཆེར་མངོན་འགྱུར་བྱས་ཡོད་ཟེར།  དེ་ནི་སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་ཀྱང་། དེས་བོད་ཀྱི་ས་གདན་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དེར་གསོན་ཤུགས་ལྡན་པར་འགྲེལ་བཤད་བྱས་ཡོད།

ཉེ་བའི་ལོ་གཉིས་རིང་། ཚད་མཐོའི་མངག་བཟོ་རང་བཞིན་གྱི་འཛད་སྤྱོད་པར་ཞབས་ཞུ་སྔར་ལས་མང་པོ་འདོན་སྤྲོད་བྱེད་དཀའ་བའི་གནས་ཚུལ་འོག  མཚོ་སྔོན་བོད་ཀྱི་ས་གདན་གྱིས་ཡོངས་འབྲེལ་རང་བཞིན་གྱི་བསམ་གཞིག་བཏང་སྟེ་ཚུལ་སྒྱུར་གྱི་ལམ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད།  ཞུའེ་ཐིན་གྱིས་མཚམས་སྦྱོར་བྱས་དོན། མིག་སྔར། ཧྲིན་ཡོན་ས་གདན་གྱིས་གསར་གཏོད་ལ་རྒྱབ་བརྟེན་ནས་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་བཞིན་ཡོད་ཟེར།

ཞུའེ་ཐིན་གྱིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་། མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཚོང་རའི་མངག་ཉོ་ཕྱིར་འཚོང་གི་ཚད་ཇེ་མཐོར་སོང་བ་དང་། ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སུམ་ཅུའི་ཡན་འཕར་ཡོད་ལ། ཐོན་རྫས་ཀྱང་རྒྱལ་ཁབ་དང་ས་ཁུལ་སྔར་ལས་མང་པོར་ཕྱིར་འཚོང་བྱེད་བཞིན་ཡོད་ཟེར།

                                                                                           རིག་འཛིན་སྒྲོལ་མས་བསྒྱུར།