༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།༽ཁག་གཉིས་པ། གཞི་རིམ་ཏང་འཛུགས་བྱ་བར་ཤུགས་བསྣན་ནས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
2022.06.07 ཁུངས། ཀློག་གྲངས། 28

ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ཝུན་ཧོས་སྲང་ལམ་གྱི་ཝུན་ཐིན་ལམ་སྡེ་ཁུལ་དུ་ཕེབས་ནས་གཟིགས་ཞིབ་མཛད་སྐབས། སྡེ་ཁུལ་བཅོས་སྐྱོང་བྱས་པ་ལེགས་དང་མི་ལེགས་ཀྱི་འགག་རྩ་ནི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་རག་ལས་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་མཁར་རྫོང་སྔར་ལས་བརྟན་པོ་འཛུགས་སྐྲུན་བྱེད་པ་དང་། སྡེ་ཁུལ་ཏང་ཡོན་གྱིས་ནུས་པ་འདོན་སྤེལ་བྱེད་པ། ལས་བྱེད་མི་སྣས་དཔེར་སྟོན་གྱི་ནུས་པ་ཐོན་ཐུབ་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་མང་ཚོགས་རང་སྐྱོང་གི་སྒྲིག་སྲོལ་འཐུས་ཚང་དུ་འགྱུར་བ། སྡེ་ཁུལ་གྱི་བྱ་བ་དོན་འཁྱོལ་བྱས་ཏེ་ཁྱིམ་ཚང་རེ་རེ་ལ་ཁེབས་སུ་འཇུག་པ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་རེ་རེ་ལེགས་པོར་སྒྲུབ་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།

ལོ་གཅིག་གི་རིང་ལ། ཝུན་ཐིན་ལམ་སྡེ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ཏང་ཨུའི་སྟོབས་ལྡན་འགོ་ཁྲིད་འོག་ཏུ། བྱ་བ་རེ་རེ་ཞིབ་ཅིང་ཕྲ་བའི་སྒོ་ནས་བསྒྲུབས་ཏེ། མང་ཚོགས་རྣམས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཇེ་མཐོར་བཏང་།

ཏང་འཛུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་དོན་དག་སྣ་ཚོགས་ཐག་གཅོད་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྙན་ཞུའི་ཚོགས་འདུ། རིག་རྩལ་འཁྲབ་སྟོན། ཤེས་བྱ་འགྲན་སྡུར། གཏམ་བཤད་འགྲན་སྡུར་སོགས་བྱ་འགུལ་མི་འདྲ་བ་དང་སྟེགས་བུ་མི་འདྲ་བར་བརྟེན་ནས། རྣམ་པ་སྣ་མང་གི་དྲིལ་སྒྲོག་བྱ་བ་གཏིང་ཟབ་སྒོས་སྤེལ་ཞིང་། ཏང་གི་གསར་སྐྲུན་གཞུང་ལུགས་དེ་མང་ཚོགས་ཀྱི་ཉེ་གམ་དུ་འདྲེས་ཤིང་ནང་སེམས་སུ་སིམ་ནས། ཏང་ཡོན་ལས་བྱེད་དང་རིགས་སོ་སོའི་མང་ཚོགས་ཀྱིས་ནམ་ཡང་ཏང་གི་བཀའ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་གཏང་། ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞབས་ཞུའི་ཚོགས་པ་བཙུགས་ནས། གྲངས་ཉུང་མི་རིགས་ཀྱི་ཁྱིམ་དུ་འཚམས་འདྲི་ལ་འགྲོ་རྒྱུ་དེ་རྒྱུན་རྣམ་ཅན་དུ་གྱུར་ཡོད་ལ། ཞབས་ཞུ་སྐྱེལ་བ་དང་སྲིད་ཇུས་སྐྱེལ་བའི་བྱ་འགུལ་དང་དྲིལ་སྒྲོག་སྤེལ་ཐེངས་གྱ་གསུམ་ལྷག་ལ་སླེབས། ཡུས་ཧྲུའུ་གཞིས་ཁུལ་དུ་སེ་འབྲུ་ལྟ་བུའི་ཏང་ཀྲི་པུའུ་ཞེས་པ་བཙུགས་ཤིང་། མི་རིགས་མཐུན་སྒྲིལ་ཡོང་ན་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་མིང་རྟགས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། ཁས་ལེན་ལྔ་མི་སེམས་ལ་སིམ་དུ་བཅུག

ཏང་འཛུགས་མནའ་འབྲེལ་བཙུགས་ནས། འདྲེས་པ་ལྔ་དང་འཛུགས་པ་ལྔའི་འཆམ་མཐུན་གྱི་ཁྱིམ་ཚང་ཞེས་པའི་མིང་རྟགས་བསྐྲུན་པ་དེས་སྣེ་ཁྲིད་དེ། ཁོངས་གཏོགས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ། སྲང་ལམ། སྡེ་ཁུལ་བཅས་རིམ་པ་ལྔའི་ཏང་རྩ་འཛུགས་མཉམ་འབྲེལ་བྱས་ནས། ཀྲི་པུའུ་ལག་གདང་གཅིག་ཏུ་སྦྲེལ་ནས་མཉམ་དུ་འཛུགས་སྐྲུན་བྱེད་ཅེས་པ་དང་ཁོངས་མི་རེས་འཁོར་སོགས་ཀྱི་སྒྲིག་སྲོལ་སྔར་མེད་འཐུས་ཚང་བཏང་ནས། ཏང་འཛུགས་ཀྱི་མ་ལག་ཆེན་པོ་ཞིག་གྲུབ་པར་བྱས། ཕྱོགས་གཞི་མཉམ་འགུལ། གཟའ་སྤེན་པའི་གྲོས་མོལ་སོགས་གཞི་རིམ་བཅོས་སྐྱོང་སྒྲིག་སྲོལ་འཐུས་ཚང་དུ་བཏང་བའི་རྨང་གཞིའི་སྟེང་ནས། ཐོག་སོའི་དཔོན་པོའི་མཉམ་འབྲེལ་ཚོགས་པ་གསར་སྐྲུན་བྱས་ནས། ཏང་འཛུགས་དང་བཅོས་སྐྱོང་འདྲེས་ཤིང་། བཅོས་སྐྱོང་དང་ཞབས་ཞུ་འདྲེས་པའི་འདུ་ཤེས་དེ་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་དངོས་སུ་བསྒྱུར།

ལོ་གཅིག་གི་རིང་ལ། ཝུན་ཐིན་ལམ་སྡེ་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་ལས་བཟོ་བ་རྣམས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་ཀ་ལ་འབད་བརྩོན་ཆེན་པོ་བྱས། སྒྲོལ་མ་གཡང་སྐྱིད་ཀྱིས་དམངས་སྲིད་ཞབས་ཞུའི་བྱ་བར་འགན་ཁུར་ཡོད། མོ་དུས་ངེས་མེད་དུ་ཁོངས་གཏོགས་གཞིས་ཁུལ་གྱི་ཁྱིམ་ཚང་ལ་བཅར་ནས། མི་དམངས་ཀྱི་འདོད་བློ་ལ་རྟོག་ཞིབ་བྱས། མོས་བཤད་རྒྱུར། ང་ཚོས་རྒྱུན་དུ་ཁྱིམ་ཚང་ལ་བཅར་པ་དང་ཟིན་ཐོ་འགོད་པ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། ཉེ་ལམ། ངས་ལོ་ལོན་རྒན་པའི་ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ་གྱི་གནད་དོན་སྐོར་ལ་དོ་སྣང་བྱུང་སོང་། ལོ་ལོན་རྣམས་ཀྱི་རྐང་ལག་མི་བདེ་བས་ང་དངོས་སུ་ཁོ་ཚོའི་ཁྱིམ་ལ་བཅར་ནས། ཆ་འཕྲིན་ཐོ་འགོད་བྱེད་པ་དང་། ང་ཚོའི་ཐོན་ཁུངས་མཛོད་དང་སྦྲེལ་ནས། གང་མྱུར་སྒོར་གནད་དོན་ཐག་གཅོད་བྱས་པ་ཡིན། གཞིས་ཁུལ་གྱི་དོན་དག་ཚང་མ་ཅུང་རྙོག་འཛིང་ཆེ་ནའང་། ང་ཚོས་རེ་རེ་བཞིན་ལྷག་ལུས་མེད་པར་བསྒྲུབས་པ་ཡིན་ཟེར།

ཝུན་ཐིན་ལམ་སྡེ་ཁུལ་གྱིས་ཁོངས་གཏོགས་སུ་རྒན་པ་ཇེ་མང་དུ་འགྲོ་བ་དང་། སྒེར་གཤིས་ཅན་གྱི་དགོས་མཁོ་ཇེ་ཆེ་རུ་འགྲོ་བ། སྣ་མང་ཅན་གྱི་དོན་དངོས་གནས་ཚུལ་བཅས་ལ་དམིགས་ནས། རྒན་པར་ཞབས་ཞུ་སྒྲུབ་པའི་ཕྱོགས་ནས་ཐབས་བཀོད་སྣ་ཚོགས་འཐེན། ཟི་ལིང་གྲོང་ཁྱེར་དུ་ཆེས་སྔ་བའི་རྒན་བཀུར་བདེ་སྐྱིད་ཟ་ཁང་བཙུགས་ནས། འཚོ་བཅུད་ཆེད་མཁས་མི་སྣས་འཚོ་བཅུད་སྡེབས་བཟོ་དོ་སྙོམས་ཡོང་བ་དང་། དམངས་ཕན་གྱི་ཟས་ཐོ་གཏན་འཁེལ་བྱས། ད་ལྟ་གཞིས་ཁུལ་གྱི་ལོ་ན་མཐོ་བའི་རྒན་པ་དང་། རིམ་པ་དང་པོ་དང་གཉིས་པའི་དབང་བོ་སྐྱོན་ཅན་ཉིས་བརྒྱ་དང་བཅུ་ལྷག་ལ་ཟ་མའི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།

ད་ལོ་ལོ་ན་རེ་དྲུག་ལ་སོན་པའི་རྒད་མོ་ཧོ་ཧྲུའུ་ཀྲིན་གྱིས་དམངས་ཕན་གྱི་ཕན་ཁེ་དེ་ལོངས་སུ་སྤྱོད་ཀྱིན་ཡོད། མོས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད་རྒྱུར། ང་ཚོའི་སྡེ་ཁུལ་གྱི་ཕྱོགས་སོ་སོའི་བྱ་བ་ལ་གསོན་ཉམས་ཆེན་པོ་ལྡན། གཞིས་ཁུལ་འདིའི་མི་ཞིག་ཏུ་གྱུར་པ་ལ་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ལོ་ངོ་གཅིག་གི་རིང་ལ། ལོ་ལོན་རྒན་པ་རྣམས་ཀྱི་སྲིད་ཇུས་ཇེ་བཟང་ཇེ་བཟང་རེད། ང་ཚོར་ཆེད་དུ་བདེ་སྐྱིད་ཟ་ཁང་བཀོད་སྒྲིག་བྱས་ཤིང་། སྔོ་ཚོད་ཀྱི་རིགས་སྣ་མང་པ་མ་ཟད། དཀར་ཟས་དང་དམར་ཟས་ཀྱི་སྡེབས་ཁ་འགྲིག་པ་དང་། འཚོ་བཅུད་ཕུན་སུམ་ཚོགས། ང་ཚོ་ཚང་མས་བྱ་བ་འདི་དག་བསྒྲུབས་པ་ཤིན་ཏུ་བཟང་བར་བསམ་གྱིན་ཡོད་ཟེར།

ཝུན་ཐིན་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཚོས་ཆིན་གྱིས་བཤད་རྒྱུར། དུས་རིམ་རྗེས་མར། ང་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་ཀྱི་དགོངས་པ་གལ་ཆེན་དང་ཁྱད་པར་དུ་ཝུན་ཐིན་ལམ་སྡེ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་དུས་ཀྱི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དེ་ཉིད་དུས་ཚོད་དང་པོར་ལག་བསྟར་མཐའ་འཁྱོལ་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཏུ། སྤུས་ཚད་ལེགས་ཤིང་། མིང་རྟགས་གྲགས་ཅན་སྐྲུན་པ། སྤུས་མཐོའི་གནས་བབ་རྒྱུན་འཁྱོངས་བྱེད་པ་བཅས་ལ་འབད་ནས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱ་ཡིན།  གཞིས་ཁུལ་གྱི་བྱ་བ་སྣ་ཚོགས་གོང་དུ་སྤེལ་ནས། རིགས་སོ་སོའི་མང་ཚོགས་ལ་སྤུས་ཀ་སྔར་ལས་བཟང་པ་དང་ཕན་འབྲས་སྔར་ལས་མཐོ་བའི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དྲོན་མོ་དེ་ཁྱིམ་ཚང་རེ་རེར་སྐྱེལ་རྒྱུ་ཡིན་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།