༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།༽ཁག་གསུམ་པ། གནས་བཞི་འཛུགས་སྐྲུན་ལ་རྣམ་པ་བཟང་བོ་མངོན།
2022.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས། མཐོ་སྒང་ལ་ཡོད་པའི་ཐུན་མིན་གྱི་ཐོན་ཁུངས་ལ་རྐང་བཙུགས་ཏེ། གསར་དར་ཐོན་ལས་དར་སྤེལ་བཏང་ནས་འཛམ་གླིང་གི་རིམ་པ་གསུམ་པའི་ཚྭ་མཚོའུ་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་བཅས་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས་པའི་གསུང་བཤད་གལ་ཆེན་གནང་།

ཐོན་ལས་ཆེ་མི་ཆེ་དེ་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་བརྟན་མི་བརྟན་ལ་འབྲེལ་བ་ཡོད།  ལོ་གཅིག་གི་རིང་ལ། མཚོ་སྔོན་གྱི་མི་དམངས་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མངག་བཅོལ་ཡིད་ལ་དམ་པོར་བཅངས་སྟེ།  གནས་བཞི་འཛུགས་སྐྲུན་དང་།  མཐོ་ས་གསར་བསྐྲུན་བྱས་ནས་སྤུས་ལེགས་འཕལ་རྒྱས་ལ་རྣམ་པ་གསར་བ་མངོན།

 ཐོན་སྐྱེད་གཞི་ཁྱོན་དང་གསར་སྐྲུན་ནུས་པ། ལག་རྩལ་ཞབས་ཞུ་སོགས་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། ཚྭ་མཚོའུ་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་བསྣན་ནས་ཚྭ་མཚོའུ་ཐོན་ལས་འཕེལ་རྒྱས་ལ་ཐོད་བརྒལ་གསར་པ་བྱུང་། གསེར་གྱི་ཁུ་ནུ་ཀུང་སིའི་ལྕགས་རིགས་ལིས་ཏུན་སྟོང་གཅིག་ཅན་གྱི་སྐོར་ཐེངས་གཉིས་པའི་ལས་གཞི་དང་། ཀྲུང་ཞིན་ཀའོ་ཨན་ཀུང་སིའི་ཏུན་ཁྲི་གཉིས་ཅན་གྱི་གློག་རྡོ་རིམ་པའི་ཐཱན་སྐྱུར་ལིས་ཀྱི་ལས་གཞི་སོགས་ལས་གཞི་གལ་ཆེན་ཉེར་གསུམ་ལག་བསྟར་བྱས་ནས། ཚྭ་མཚོའུ་ཐོན་ཁུངས་ཀྱི་ཐོན་ལས་སྦྲེལ་ཐག་ཇེ་རྒྱས་ཇེ་ལེགས་སུ་སོང་། 2021ལོར་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའུ་ཐོན་ལས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱི་རིན་ཐང་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གསུམ་དུང་ཕྱུར་གཅིག་ལ་བསླེབས་ཤིང་། དེ་ནི་དུས་མཉམ་ལས་བརྒྱ་ཆའི46.2%འཕར།

འཕེལ་རྒྱས་གསར་པའི་བསམ་བློས་སྣེ་འཁྲིད་དེ། ནུས་ཁུངས་གཙང་མའི་སྡུར་ཚད་ཆེ་ཞིང་། སྤུས་ཚད་མཐོ་བ། རྟེན་གཞི་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་ནུས་ཁུངས་གཙང་མར་འཕེལ་རྒྱས་གསར་པ་བྱུང་། རྨ་ཆུའི་སྟོད་རྒྱུད་དུ་སྟོང་ཝ་ས་ཡ་རིམ་པའི་ཆུ་གློག་ས་ཚིགས་མར་ཐང་དང་གཡང་འཁྱིལ་ཆུ་རགས་གཉིས་མཉམ་དུ་བསྐྲུན་པ་དང་།  རྒྱལ་ཁབ་ཀྱི་སྟོང་ཝ་བྱེ་བ་རིམ་པའི་རླུང་གློག་འོད་གློག་རྟེན་གཞི་ཆེ་གྲས་སྐོར་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས། མཚོ་ལྷོ་དང་མཚོ་ནུབ་ཏུ་སྟོང་ཝ་བྱེ་བ་རིམ་པའི་སྐྱེ་ལྡན་ནུས་ཁུངས་རྟེན་གཞི་གཉིས་ཐོག་མར་ལེགས་འགྲུབ་བྱུང་ནས་ནུས་ཁུངས་གཙང་མའི་གློག་གསོག་ཚད་སོ་སོར་སྟོང་ཝ་བྱེ་བ་གཅིག་ས་ཡ་དགུ་འབུམ་བརྒྱད་ཁྲི་ལྔ་དང་བྱེ་བ་གཅིག་ས་ཡ་གཅིག་འབུམ་གཉིས་ཁྲི་བརྒྱད་ལ་བསླེབས། ཟླ3པའི་ཟླ་མཇུག་བར་ཏུ་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་གསོག་ཚད་སྟོང་ཝ་བྱེ་བ་བཞི་ས་ཡ་གཉིས་འབུམ་དགུར་བསླེབས་ཏེ།  ནུས་ཁུངས་གཙང་མའི་གསོག་ཚད་ཀྱི90.9%ཟིན་ཡོད། ནུས་ཁུངས་གསར་པའི་གསོག་ཚད་ཀྱི61.5%ཟིན་ནས་རྒྱལ་ཡོངས་ཀྱི་ཡང་རྩེར་སྲུང་འཛིན་བྱས་ཡོད།

སྐྱེ་དངོས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་གཞིར་བཟུང་སྟེ། རྨང་གཞི་སྒྲིག་ཆས་འཐུས་ཚང་དང་། ཐོན་ལས་སྒྲིག་བཀོད་ལེགས་བསྒྱུར། ཐོན་རྫས་མ་ལག་སྣ་མང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཅས་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཡུལ་སྐོར་ཐད་འཕེལ་རྒྱས་གསར་པ་བྱུང་། གསར་བརྗེའི་གནས་གཞི་ཡུལ་སྐོར་དང་། ཞིང་གྲོང་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར།  ཉམས་ཞིབ་ཡུལ་སྐོར།  མྱོང་རོལ་རང་བཞིན་གྱི་ཡུལ་སྐོར་སོགས་ཡུལ་སྐོར་བྱེད་སྟངས་གསར་པ་སྣ་ཚོགས་བྱུང་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་རྫས་སྣ་མང་གི་རྣམ་པ་གསར་པ་ཐོག་མར་ཆགས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཟི་ལིང་གྲོང་ཁྱེར་གཉིས་རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཚོད་ལྟ་བྱ་ཡུལ་གྲོང་ཁྱེར་དུ་བདམས་ཤིང་།  ཐང་ལམ637ཚོང་ལས་ཕྱོགས་བསྡུས་དང་། རིག་གནས་དང་ཡུལ་སྐོར་རྐང་ཐང་ཁྲོམ་སྲང་བཅས་རྒྱལ་ཁབ་རིམ་པའི་མཚན་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འདུས་ཁུལ་དང་ཡུལ་སྐོར་སྤྲོ་གསེང་སྲང་ལམ་སྐོར་དང་པོའི་གྲས་སུ་ཚུད།  ན་ནིང་ཞིང་ཆེན་ཡོངས་ནས་ཡུལ་སྐོར་བ་བྱེ་བ་གསུམ་ས་ཡ་དགུ་འབུམ་གསུམ་ཁྲི་བདུན་ལྷག་ལ་སྣེ་ལེན་བྱས་བ་དེ་དུས་མཉམ་ལས20%འཕར། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་དགུ་ལྷག་ལ་བསླེབས་པ་དེ་དུས་མཉམ་ལས20.7%འཕར།

ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་བསྒྱུར་ཏེ། ཐོན་ལས་ཀྱི་སྤུས་ཚད་དང་གྲངས་ཀ་གཉིས་དམ་འཛིན་བྱས་ནས་ཁྲོམ་རའི་དགོས་མཁོ་བསྐངས་པ་དང་། སྐྱེ་ལྡན་ཞིང་ ཕྱུགས་ལས་ལ་ཕན་འབྲས་གསར་པ་ཐོབ། རྒྱལ་ཁབ་རིམ་པའི་དེང་རབས་ཐོན་ལས་གླིང་གསུམ་དང་། ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་སུམ་ཅུ། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ་བཞི་བཅུ་བཙུགས་པ་དང་།  ལྷད་མེད་ཟས་རིགས་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཅན་གྱི་ཐོན་རྫས་བཅས་དཔང་ཡིག་ཐོབ་པའི་ཐོན་རྫས་དགུ་བརྒྱ་དང་ཉེར་ལྔར་བསླེབས། ནོར་གནག་དང་། བོད་ལུག  ནས།  ལོག་དཀར། ཉ་རིགས་སོགས་སྤུས་ལེགས་ཁྱད་ལྡན་ཐོན་ལས་ འཕེལ་རྒྱས་སུ་བཏང་།  ཡུས་ཧྲུའུ་ཡི་ནོར་གནག  མདོ་ལའི་བོད་ལུག  ཚ་རྔ་འགག་གི་ཉ། ཚྭ་འདམ་གཞུང་གི་འཕང་འབྲས་སོགས་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་མིང་གྲགས་ཐོན་རྫས་སུ་གཏན་འཁེལ་བྱས།

ལོ་གཅིག་གི་རིང་ལ།  མཚོ་སྔོན་གྱིས་འཕེལ་རྒྱས་གསར་པའི་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ཏེ།  མི་དམངས་ལྟེ་བ་ཡིན་ཞིང་། བརྟན་འཇགས་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་།  རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་མཐུན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་སྟེང་འབད་པས་བསྐྱོད་ཡོད།