༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།༽ཁག་བཞི་པ། མི་དང་རང་བྱུང་ཁམས་མཆམ་མཐུན་མཉམ་གནས་ཀྱི་རྣམ་པ།
2022.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གོ་གནས་གལ་ཆེ་ཞིང་དམིགས་བསལ་ཡིན་པས་ངེས་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས།

རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པ་དུས་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱས་ཏེ་མི་དམངས་དང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ལ་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་པ་དང་ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་འཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཅངས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་དང་། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཡིད་ལ་བརྟན་པོར་འཇགས་པ། སྐྱེ་ཁམས་བདེ་འཇགས་དང་གཙང་གསུམ་འབྱུང་ཡུལ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་བཏོན།

ཉིས་སྟོང་བཅུ་དྲུག་ལོར། རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཆེས་ཐོག་མར་གྱུར་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་ནས་དངོས་སུ་སྤེལ་འགོ་བརྩམས།

ཉིས་སྟོང་བཅུ་བདུན་ལོར། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་ཐོའི་ཁྲོད་ཚུད་པ་དེ་ནི་རང་རྒྱལ་གྱི་མཚོ་འཕང་ཆེས་མཐོ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཆར་གྱུར་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལོ་རྒྱུས་སྟེང་གི་དོན་དག་གལ་ཆེན་ཞིག་ཏུ་གྱུར།

ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་ནི་རྒྱལ་ཡོངས་ཀྱི་སྐོར་དང་པོ་དང་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར། འདི་ནི་མཚོ་སྔོན་གྱི་གཟི་བརྗིད་ཡིན་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚས་མས་འབད་བརྩོན་གྱི་གྲུབ་འབྲས་ཀྱང་ཡིན།

ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པར། ཞིང་ཆེན་དང་པུའུ་རིམ་པའི་མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་བྱ་བ་མཚོ་སྔོན་ནས་སྤེལ། རྒྱལ་ཡོངས་ཀྱི་ཐོག་མ་ཡིན་པའི་ངོས་ནས་མཚོ་སྔོན་གྱིས་དཔེ་སྟོན་དང་ཚད་ཤིང་གི་འགན་འཁྲི་ཕྲག་ཏུ་བླངས། ཉིས་སྟོང་ཉི་ཤུ་ལོར། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་སྒྲུབ་འགོ་བརྩམས་པ་དང་། གོམ་པ་གསུམ་སྐྱོད་པའི་འཐབ་ཇུས་བརྒྱུད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཐོག་མའི་འཆར་གཞི་ནས་རིམ་གྱིས་དངོས་ཡོད་ཀྱི་རྣམ་པར་གྱུར་ཏེ་མཚོ་སྔོན་ཡང་རྒྱལ་ཁབ་སྤྱི་གླིང་གི་མིང་ལ་བརྟེན་ནས་འཛམ་གླིང་ཡོངས་སུ་མཛེས་སྡུག་གི་མིང་བྱང་ཞིག་ཏུ་འགྱུར་འགོ་བརྩམས།

འདས་ཟིན་པར་ཕྱིར་བལྟས་བྱས་ན། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནས་ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་ཚུགས་པའི་གོ་རིམ་ཧྲིལ་བོའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་། ཞིང་ཆེན་གོང་འོག་ཡོངས་ཀྱི་འབད་བརྩོན་དང་གཞི་གཅིག་ཏུ་འདྲེས་ཡོད།

ཉིས་སྟོང་བཅུ་དགུ་ལོར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་བདེ་ལེགས་ངང་བསྡུས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན་ཏེ་ཟི་ལིང་གི་ཐུན་མོང་གི་འདུ་ཤེས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཐོབ།

མཚོ་སྔོན་གྱིས་རྒྱལ་ཡོངས་ནས་ཐོག་མར་རང་བྱུང་སྲུང་སྐྱོབ་ཁུལ་ལེགས་སྒྲིག་བྱས་པ་ལེགས་འགྲུབ་བྱུང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་གཉིས་ཀྱི་འགན་འཁྲི་བདེ་ལེགས་ངང་ཡོངས་འགྲུབ་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ཁུལ་ལ་རྒྱལ་ཁབ་རིམ་པའི་དཔྱད་འཇོག་ཞིབ་བཤེར་ཐོབ་པ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་བྱ་བར་དངོས་སུ་ཆོག་མཆན་ཐོབ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དུས་རིམ་སྔོན་མའི་བྱ་བ་དག་ཏན་ཏིག་སྒོས་སྒྲུབ་བཞིན་ཡོད། མིག་མདུན་དུ་བསྟར་བའི་ངོམ་ཆོག་ཆོག་གི་གྲུབ་འབྲས་འདི་དག་གིས་མཚོ་སྔོན་གྱིས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་གི་ཚོགས་བསྐྲུན་པར་དོན་དངོས་རང་བཞིན་གྱི་གོམ་པ་སྤོས་པ་མཚོན་ཡོད།

མིག་སྔར། རྒྱལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི38ལྷག་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་བརླན་སའི་བརྒྱ་ཆའི64ལྷག་དང་། ནགས་ཚལ་གྱི་བརྒྱ་ཆའི30ལྷག རི་སྐྱེས་སྲོག་ཆགས་འཚོ་སྡོད་ས་ཆའི་བརྒྱ་ཆའི85བཅས་རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་ཁྲོད་བཞག་པ་དང་རྒྱལ་ཡོངས་སུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་བཙུགས།

དེ་རིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུད་མཐུད་ངང་བཟང་ཕྱོགས་སུ་འཕེལ་ཏེ་ལོ་རྒྱུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། དཀྱོགས་མཚམས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། རྩྭ་ས་སྔོ་ལྗང་དུ་གྱུར་ཚད་དང་། བྱེ་ཐང་སྔོ་ལྗང་དུ་གྱུར་ཚད་སོགས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་སྟེ་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་པར་ཕུན་སུམ་ཚོགས་པའི་ཆ་རྐྱེན་བསྐྲུན།

མཚོ་སྔོན་གྱིས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ཏེ་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་གཙང་ཞིང་ཆུ་མོ་དྭངས་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་སོགས་ཀྱི་ཆུ་འགོ་དྭངས་ཤིང་གཙང་བའི་སྒོ་ནས་སྨད་རྒྱུད་དུ་འབབ་པར་ཁག་ཐེག་བྱས།

སྐྱེ་ཁམས་ཀྱི་གྲུབ་འབྲས་དམངས་ཕན་གྱི་གྲུབ་འབྲས་སུ་གྱུར་ཏེ་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་གོམ་སྟབས་ལ་ཤུགས་སྣོན་བྱས་པ་དང་། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ། དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་བླངས་ཤིང་། སྐྱེ་ཁམས་ཡུལ་སྐོར་དུས་རབས་གསར་བའི་ཞབས་ཞུ་ལས་རིགས་ཀྱི་ཁེ་ལས་ཆེན་པོར་གྱུར། མཚོ་སྔོན་གྱིས་རྒྱལ་ཡོངས་ནས་གཞི་ཁྱོན་ཆེས་ཆེ་བའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་གནས་གཞི་བསྐྲུན་ཏེ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པར་མ་ཟད་ཡོང་འབབ་ཇེ་མཐོར་བཏང་།

རིག་འཛིན་ཐར་གྱིས་བསྒྱུར།