༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།༽ཁག་ལྔ་པ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན།
2022.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

2021ལོའི་ཟླ6པའི་ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གསུངས་རྒྱུར། འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བཅས་བྱེད་ན། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས་གོ་གནས་བཅས་སྔར་ལས་གལ་ཆེན་དུ་གྱུར་ཡོད་པས། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་གི་རྣམ་པ་ལེགས་སྒྱུར་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་རྒྱུན་འཁྱོངས། དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤོང་བཅས་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།

དུས་དེ་རིང་གྲུབ་འབྲས་ལ་ཕྱིར་ལྟ་བྱས་ཚེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་འབད་འབུངས་ཡར་བརྩོན་གྱི་འཆར་གཞི་དེར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དམངས་ཚིས་དང་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།

2021ལོར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་ཇུས་གཞི》པར་འགྲེམས་བྱས་པ་དང་། 2025ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་རྣམ་པའི་ཐོན་སྐྱེད་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དང་། ལྗང་མདོག་ཇུས་འགོད་དང་ལྷད་མེད་ཐོན་སྐྱེད་ཡོངས་ཁྱབ་ཏུ་ཁྱབ་གདལ་གཏོང་བ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་སླར་སྐྱེས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་ཐོན་ལས་མ་ལག་སྔར་ལས་འཐུས་ཚང་དུ་འགྱུར་བ་བཅས་ཀྱི་དམིགས་འབེན་བཏོན་ཡོད། སྔོན་དཔག་བྱས་ན2025ལོར་སླེབས་སྐབས། ཆུའི་ཐོན་ཁུངས་ཐོན་སྐྱེད་བྱེད་ཚད་གནས་རེར་སྒོར་བརྒྱ་དང་ཞེ་གཅིག་ལ་སླེབས་པ་དང་། སྤྱིར་བཏང་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་དྲུག་ཅུ་ལ་སླེབས་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ཆུ་བསྐྱར་ཟློས་ཀྱིས་སྤྱོད་ཚད་བརྒྱ་ཆའི་གོ་བཞི་ལ་སླེབས་པ། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་དགུ་ཅུ་ལ་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱེད་ཚད་བརྒྱ་ཆའི་གོ་བདུན་ལ་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་ཚད་བརྒྱ་ཆའི་གོ་དྲུག་ལ་སླེབས་པ་བཅས་བྱ་ཐུབ།

ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།  ཆུའི་ཐོན་ཁུངས་གསོ་སྐྱོང་བྱེད་ནུས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་བླང་བྱ་གལ་ཆེན་ལྟར། ཞིང་ཆེན་གྱི་ཆེས་ཆེ་བ་གསུམ་གྱི་གནས་ཚུལ་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གནས་བབ་དམ་འཛིན་ནན་མོ་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འབྱུང་རྩའི་འགན་འཁྲི་འཁུར་བ་དང་ཞབས་འདེགས་ཧུར་ཐག་ཞུས་ནས་ཆུའི་འབྱུང་ཁུངས་ཀྱི་འགན་འཁྲི་འཁུར་ཐུབ་པར་བྱེད་དགོས།

ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་བསྡོམས་རྩིས་བྱས་ན་ཨ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་བཞི་ལ་སླེབས་པ་དང་། རྒྱུད་གཅིག་ལམ་གཅིག་གི་གནས་གལ་ཆེན་དུ་ཡོད་པའི་མཚོ་སྔོན་གྱིས་རང་འགུལ་སྟབས་བསྟུན་དང་འགྱུར་ལྡོག་གདོང་གིས་བསུས་ནས་རྒྱལ་སྤྱིའི་དུས་གཏན་མེ་འཁོར་དང་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཚོ་སྔོན་དུ་ལས་ཕྱོད་ཆེ་བའི་འཁོར་སྐྱོད་གཉིས་ཀྱི་སྒུལ་ཤུགས་གལ་ཆེན་ཆགས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ཕན་ཚུན་རོགས་འདེགས་ཀྱིས་མཚོ་སྔོན་འདི་ཉིད་རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་།

ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། 2021ལོར་སྡོད་དམངས་ཡོངས་ཀྱི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་ལྔ་དགུ་བརྒྱ་བཅུ་དགུ་ཡིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བཞི་རེད། གྲོང་གསེབ་དང་གྲོང་རྡལ་བར་གྱི་ཧེ་བག་ཟམ་མི་ཆད་པར་ཇེ་ཆུང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་འཕར་ནས་གྲོང་ཁྱེར་གྱི་མི་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་གྱིས་ཇེ་མགྱོགས་སུ་སོང་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་སྒོ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་འཕར་ཡོད་ཅིང་། 2020ལོར་སྡོད་དམངས་ཁྱིམ་ཚང་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར་ཞེ་བདུན་དང་གྲངས་ཆུང་གཅིག་དང་སྤོ་སྒུལ་ཁ་པར་ཉིས་བརྒྱ་རེ་གཅིག་དང་གྲངས་ཆུང་ལྔ་ཡོད་པ་དེ2016ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་ལྔ་དང་གྲངས་ཆུང་བརྒྱད་འཕར་ཡོད།

ཤ་བོ་གསེར་མཚོས་བསྒྱུར།