ད་ལོར་རང་ཞིང་གིས་དབུལ་ཐར་མང་ཚོགས་འབུམ་གཉིས་ཀྱི་ལས་ཞུགས་འགན་སྲུང་བྱ་རྒྱུ་རེད།
2022.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་སྔོན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་བཅས་སྡེ་ཁག་བཞི་དང་མཉམ་དུ2022ལོའི་དབུལ་ཐར་མི་གྲངས་ཀྱི་ལས་བརྟན་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ད་ལོར་དབུལ་ཐར་མི་གྲངས་འབུམ་གཉིས་ཀྱི་ངལ་རྩོལ་ལས་ཞུགས་གཞི་ཁྱོན་མངོན་འགྱུར་བྱེད་པར་འགན་སྲུང་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་ལས་ཤོར་དབུལ་འགྱུར་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱ་རྒྱུ་རེད།

བརྡ་སྦྱོར་ནང་ཤར་ནུབ་རྒྱུད་ཀྱི་ངལ་རྩོལ་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་ཆེན་ནང་ཁུལ་གྱི་ངལ་རྩོལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཚད་ལྡན་ངང་རོགས་སྐྱོར་འཁོར་ཁང་འཕེལ་རྒྱས་སུ་གཏོང་བ། ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོལ་བར་གཅིག་འདོམས་བྱེད་པ། ལས་ཞུགས་རོགས་ཚབ་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེར་སྐྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་འབྲེལ་ཐག་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་ནས་ལས་ཞུགས་བར་སྟོང་རྒྱ་སྐྱེད་པ། ནུས་པ་དང་བྱང་ཚད་མཐོར་འདེགས་བཏང་སྟེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ། སྦྲང་ཆར་འཆར་གཞི་འགུལ་སྐྱོད་སྤེལ་བ། ངལ་རྩོལ་ཚོང་རྟགས་བསྐྲུན་ནས་ངལ་རྩོལ་པ་ཕྱིར་གཏོང་བའི་གཞི་ཁྱོན་རྒྱ་སྐྱེད་པ། ལས་ཤོར་ཉེན་སྲུང་གི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། སྤྱི་ཐུན་ལས་ཞུགས་ཞབས་ཞུ་ལ་ཤུགས་སྣོན་པ། ལས་ཞུགས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བཅུ་གཉིས་བརྒྱུད་དེ། ལོ་ཧྲིལ་བོའི་དབུལ་ཐར་མི་གྲངས་ཀྱི་ལས་བརྟན་ལས་ཞུགས་བྱ་བ་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱས་ནས། གྲོང་གསེར་དར་སྤེལ་བྱེད་ཐབས་ཀྱིས་རྒྱུན་མཐུད་ངང་ཤུགས་འདོན་པར་རོགས་འདེགས་བྱེད་རྒྱུ་གཏན་ཁེལ་བྱས་ཡོད།

དེ་དང་མཉམ་དུ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་ལས་འགན་དམིགས་འབེན་དང་འགན་འཁྲི་བགོ་བཤའ་སྔར་ལས་གཏན་ཁེལ་གསལ་བོ་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་རྫོང་གི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བགོ་བཤའ་གསལ་བོ་བྱས་ལ། དབུལ་ཐར་མི་གྲངས་ཀྱི་ལས་བརྟན་ལས་ཞུགས་བྱ་བ་དེ་གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་སྤེལ་བའི་བྱ་བའི་བཀོད་སྒྲིག་ཁྲོད་བཞག་པ་དང་། ལག་བསྟར་བྱེད་པར་རྩ་འཛུགས་གཅིག་འདོམས་བྱས་ཏེ། མཉམ་དུ་གྲོང་གསེབ་དར་སྤེལ་བྱེད་པ་དང་དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ཐད་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།