མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་འབུམ་གཉིས་དང་ཁྲི་དགུ་སྟོང་བཞི་འཛུགས་སྐྲུན་བྱས།
2022.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་ལྔ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་འབུམ་གཉིས་དང་ཁྲི་དགུ་སྟོང་བཞི་འཛུགས་སྐྲུན་བྱས་པ་དང་། རྨོ་ཞིང་གི་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ལ། ཆུའི་ཐོན་ཁུངས་བེད་སྤྱོད་ལས་ཆོད་ལོ་རེ་བཞིན་ཇེ་མཐོར་སོང་བ་དང་། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་ལ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་ནས། ལོ་རེའི་ཆ་སྙོམས་ཀྱི་འབྲུ་རིགས་ཐོན་ཚད་ཇེ་བརྟན་དུ་གཏོང་བའི་ཐད་རྨང་གཞིང་བརྟན་པོ་བཏིངས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་ཞིང་གིས་ཞིང་སར་སྲུང་སྐྱོབ་བྱེད་པ་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་ཐོན་ཚད་ཇེ་མང་དུ་གཏོང་བའི་འཐབ་ཇུས་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཐད་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ལ། མཐུན་སྦྱོར་ངང་དཀའ་ཁག་དང་གནད་དོན་ཐག་བཅད་པ་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ཞིང་ས་འཛུགས་སྐྲུན་ལས་གཞི་དོ་དམ་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ས་འཛུགས་སྐྲུན་མ་དངུལ་དོ་དམ་བྱེད་ཐབས་སོགས་གོང་རིམ་ཇུས་འགོད་ཀ་བཞི་གདུང་བརྒྱད་ཀྱི་རྨང་གཞི་རུ་བྱས་པའི་ལམ་ལུགས་མ་ལག་བཙུགས་པ་དང་། ས་ཆ་སོ་སོས་ཆ་སྡེབས་དོ་དམ་ལམ་ལུགས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ལ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བར་འདེགས་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱ་དང་སྤྱི་ཆིང་བརྒྱད་བརྒྱ་ཡི་ཕན་མཐོའི་ཆུ་གྲོན་ཆུང་བྱེད་པའི་ཆུ་འདྲེན་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། གོ་རིམ་རྗེས་མར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱེད་པ་དང་། ལས་འགན་གཏན་ཁེལ་གསལ་བོ་བྱེད་པ། ལས་གཞི་མྱུར་དུ་རྩ་འཛུགས་ལག་བསྟར་བྱེད་པ། འཛུགས་སྐྲུན་རྒྱུ་སྤུས་དོ་དམ་ལ་ཤུགས་སྣོན་པ། བྱ་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རང་ཞིང་གི་ཚད་གཞི་མཐོ་བའི་ཞིང་ས་བདེ་ཐང་དང་གོ་རིམ་ལྡན་པ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།