རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས།
2022.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། 2022ལོའི་ལོ་སྟོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྤུས་ཚད་གནས་བབ་དང་ལོ་ལྔའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲུབ་འབྲས་ཁྱབ་བསྒྲགས་བྱས།

ངོ་སྤྲོད་བྱས་པ་ལྟར་ན། 2022ལོར། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི2022ལོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་བྱ་བའི་ལས་འགན་སྣ་ཚོགས་བཟང་བོར་བསྒྲུབས་པས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གཏན་འཇགས་ངང་ཇེ་ལེགས་སུ་སོང་། རྨ་ལྷོ་ཁུལ་གྱི་ཁོར་ཡུག་མཁའ་དབུགས་སྤུས་ཚད་རྒྱལ་ཁབ་ཚོད་འཛིན་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཟླ་དང་པོ་ནས་ཟླ་བཞི་པའི་མཁའ་དབུགས་སྤུས་ཚད་ཕན་ཡོད་ལྟ་ཞིབ་ཉིན་གྲངས་བརྒྱ་དང་བརྒྱད་ལས། མཁའ་དབུགས་བཟང་བའི་ཉིན་གྲངས་གོ་དགུ་ལ་སླེབས་པ་དང་། ཚད་གཞི་ལོངས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་གཅིག་ལྷག་ཡོད་ལ། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་ཇེ་མཐོར་སོང་། བཏུང་ཆུའི་ཆུ་ཁུངས་ས་ཆའི་ཆུའི་རྒྱུ་སྤུས་ཚད་གཞིར་སླེབས་པ་དང་། ཁུལ་ཡོངས་ཀྱི་ས་ཞིང་ཁོར་ཡུག་ཧ་ཅང་གཏན་འཇགས་རེད།

གསར་འགོད་པས་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། གོ་རིམ་རྗེས་མར། རྨ་ལྷོ་ཁུལ་གྱིས་རྩེ་ཁོག་རྫོང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་གི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་འཛུགས་སྐྲུན་བྱ་བ་འགོ་རྩོམ་རྒྱུ་ཡིན་ལ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཞང་གྲོང་དང་སྡེ་བ་རུ་ཡིག་ཐོག་སྙན་ཞུ་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཁུལ་ཡོངས་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་། འགྱིག་ཤོག་བཀག་འགོག་མཐོར་འདེགས་བཅས་ཀྱི་བྱ་བ་སྤེལ་རྒྱུ་ཡིན་པ་མ་ཟད། ཁོར་ཡུག་ཉེན་ཁ་སྔོན་བརྡ་རྐྱེན་སྲོལ་དང་ཁོར་ཡུག་གནད་དོན་རྟོག་སེལ་ལེགས་བཅོས་རྐྱེན་སྲོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་རྐྱེན་སྲོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་འགན་འཁྲི་རྩད་གཅོད་བྱ་བའི་རྐྱེན་སྲོལ་བཙུགས་ནས། རིམ་པ་སོ་སོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།