༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།༽ཁག་དགུ་པ། མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱ་དགོས།
2022.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་དགུ་ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས།   དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ་ཞིང་ཕྱུགས་ཐོན་རྗས་ཀྱི་ཚད་ལྡན་ཅན་དང་ལྗང་མདོག་ཅན་གྱི་ཐོན་སྐྱེད་ལ་ཤུགས་སྣོན་པ་དང་།   སྐྱེ་ལྡན་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཉེར་བ།  གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་པ།   ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ།  རོང་འབྲོག་མང་ཚོགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ།   རོང་འབྲོག་ཁུལ་གྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།   མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་།   མི་འདོར་བ་བཞིའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པར་མ་ཟད།   གྲོང་གསེབ་དར་སྤེལ་ཐད་ཀྱི་འགུལ་སྐྱོད་ཆེན་པོ་བརྒྱད་སྣེ་ཁྲིད་དུ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེས་གྲོང་གསེབ་དར་སྤེལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ལས་འགན་ཨང་དང་པོར་བརྩིས་པ་དང་འབུར་ཐོན་གོ་གནས་སུ་བཞག་སྟེ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

མཚོ་སྔོན་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་བོ་བསྐྱར་འཕར་མི་འབྱུང་བའི་ཚད་མཐའ་སྲུང་འཛིན་བྱས་ཏེ་བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཡུལ་ཡང་བསྐྱར་དབུལ་བོར་འགྱུར་བའི་ཉེན་ཁ་སེལ།

མཚོ་སྔོན་གྱིས་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་སྤར་རྒྱུ་དེ་གྲོང་གསེབ་དར་སྤེལ་གྱི་བྱ་བ་གཙོ་བོར་བརྩིས་ཏེ་དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་དང་གཅིག་ལ་སླེབས་པ་དང་།  དེ་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གསུམ་ཇེ་མང་དུ་སོང་ཡོད་ལ།   ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་གིས་མཐོ།

མཚོ་སྔོན་གྱིས་དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་བྱ་བ་དེ་གྲོང་གསེབ་དར་སྤེལ་གྱི་ནང་གནས་སྒུལ་ཤུགས་སུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མང་ཚོགས་དང་ས་མཐའི་དབུལ་བོར་འགྱུར་སླ་བའི་མང་ཚོགས་འབུམ་གཉིས་དང་སྟོང་བརྒྱད་གཏན་འཇགས་ངང་ལས་ཞུགས་བྱེད་པ་མངོན་འགྱུར་བྱས།

ཐོབ་སླ་མོ་མིན་པའི་གཞི་གྲངས་ཀྱིས་གྲུབ་འབྲས་ངོ་མ་མཚོན་ཡོད་པ་དང་།   ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྗེས་ཀྱི་རྒྱུགས་ལན་ཡག་པོ་སྤྲད་ལ།  གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་པ་ཞིག་མཚོ་སྔོན་མཐོ་སྒང་གི་ཞང་གྲོང་དུ་གསལ་ལེར་མངོན་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན།   མིག་སྔའི་བར།   མཚོ་སྔོན་ཞིང་ཆེན་གྱི་ལས་གཉེར་གཞི་ཁྱོན་མི་འབུམ་གཅིག་དང་ཁྲི་བདུན་སྟོང་བརྒྱད་བརྒྱད་བརྒྱར་སླེབས་ཏེ།   རྒྱལ་ཁབ་ཀྱིས་སྤྲད་པའི་ལོ་རེའི་ལས་གཉེར་མི་གྲངས་མི་འབུམ་གཅིག་དང་ཁྲི་བདུན་སྟོང་དགུ་ལ་སླེབས་པར་བྱ་དགོས་པའི་ལས་གཉེར་ལས་འགན་གྱི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་དགུ་ཡོངས་གྲུབ་བྱས།  དེ་དང་མཉམ་དུ།  ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དང་དབུལ་བོར་འགྱུར་སླ་བའི་མི་སྟོང་ལྔ་ཤར་ཕྱོགས་ས་ཁུལ་དུ་སོང་ནས་གཏན་འཇགས་ལས་ཞུགས་བྱེད་པ་མངོན་འགྱུར་བྱས།    ཞིང་ཆེན་ཡོངས་ཀྱི་གསར་དུ་སྒོ་བྱང་བཀལ་བའི་རོགས་སྐྱོར་འཁོར་ཁང་ཉིས་བརྒྱ་གྱ་གཉིས་ཀྱིས་ལས་གཉེར་མང་ཚོགས་ཁྲི་གཅིག་དང་བདུན་བརྒྱ་བསྡུ་ལེན་བྱས་ཡོད་པ་དང་།  དེའི་ནང་དབུལ་ཐར་མི་གྲངས་དང་དབུལ་བོར་འགྱུར་སླ་བའི་མི་གྲངས་སྟོང་གསུམ་དང་བརྒྱད་བརྒྱ་ཡོད།   ཉིས་སྟོང་ཉེར་གཉིས་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒུད་གསབ་ལས་སྤྲོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་སྔོན་ལ་བྱིན་ཏེ་རོང་འབྲོག་མང་ཚོགས་ལ་ལས་ཞུགས་ལས་གནས་སྟོང་གཉིས་དང་ལྔ་བརྒྱ་འདོན་སྤྲོད་བྱས།   ཞིང་ཆེན་ཡོངས་ཀྱི་ད་ཡོད་ཀྱི་དབུལ་ཐར་མི་གྲངས་ཁྲི་ལྔ་དང་སྟོང་གཅིག་གིས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་དོ་སྲུང་བྱ་བ་གཉེར་བཞིན་ཡོད་པ་དང་།   ངལ་རྩོལ་ནུས་ཤུགས་ཕྱེད་ཙམ་ལས་མེད་པ་དང་ངལ་རྩོལ་ནུས་ཤུགས་ཞན་པའི་མི་སྟོང་བརྒྱད་བདུན་བརྒྱ་ཡིས་སྡེ་བ་རིམ་པའི་འཕྲོད་བསྟེན་གཙང་སྦྲ་དང་བདེ་འཇགས་སྐོར་ཞིབ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱུད་དེ་ལས་གཉེར་ཡོང་འཕར་མངོན་འགྱུར་བྱས་ཡོད།  འཛུགས་སྐྲུན་ལ་བརྟེན་ནས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་།   བཅོས་སྐྱོང་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ།    འཛུགས་སྐྲུན་དང་བཅོས་སྐྱོང་མཉམ་དུ་སྤེལ་བ་བཅས་ཀྱི་བསམ་ཕྱོགས་ལྟར། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་སུ་གྲོང་གསེབ་དར་སྤེལ་དེ་ཞིང་བའི་ཆེད་དུ་དར་སྤེལ་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་དེ་ཞིང་བའི་ཆེད་དུ་འཛུགས་སྐྲུན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་ལོ་གཅིག་གི་རིང་ལ།  ཞིང་སྡེའི་གཞུང་ལམ་སྤྱི་ལེ་བརྒྱད་བརྒྱ་གྱ་གསུམ་གསར་དུ་བཅོས་སྐྲུན་བྱས་པ་དང་།   འཐུང་ཆུའི་སྦུག་ལམ་སྤྱི་ལེ་ཉིས་བརྒྱ་རེ་བཞི་དང་འཐུང་ཆུའི་སྒྲིག་ཆས་སྟོང་གཅིག་བརྒྱ་དང་དོན་གཉིས།   བཙོག་ཆུ་དོ་དམ་སྦུག་ལམ་སྤྱི་ལེ་ལྔ་བརྒྱ།  བཙོག་ཆུ་ཐག་གཅོད་སྒྲིག་ཆས་སྟོང་གཅིག་བརྒྱ་དང་ང་གཅིག་བཅོས་སྐྲུན་བྱས་ལ།  གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་སྒྲིག་ཆས་ལྔ་བརྒྱ་སོ་གཅིག་བཀོད་སྒྲིག་བྱས་པར་མ་ཟད།   གད་སྙིགས་ཐག་གཅོད་ས་ཚིགས་སོ་གཉིས་གསར་འཛུགས་བཅོས་སྐྲུན་བྱས་པ་དང་། ཞིང་སྡེའི་གསང་སྤྱོད་ཁང་སྟོང་བཞི་དགུ་བརྒྱ་བཅུ་གཉིས་གསར་དུ་བཅོས་སྐྲུན་བྱས་ཏེ།   རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་ཐད་བཅངས་པའི་རེ་བ་བསྐངས་པ་དང་།  རོང་འབྲོག་མང་ཚོགས་ལ་དེང་རབས་དཔལ་ཡོན་འཚོ་བའི་བྱེད་ཐབས་དང་འཚམ་པའི་རྨང་གཞིའི་སྒྲིག་ཆས་དང་གཞི་རྩའི་སྤྱི་བའི་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག་པར་མ་ཟད།   དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་པའི་གྲོང་སྡེ་གཙང་གསུམ་འབྱུང་ཡུལ་གྱི་ས་གཞི་ཆེན་པོའི་སྟེང་འཛུགས་སྐྲུན་བྱེད་བཞིན་ཡོད།

                                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།