༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད༽ཁག་བཅུ་གཅིག་པ། འབྲི་ཆུའི་འགོ་ཁུངས་སྡེ་བའི་བདེ་སྐྱིད་འཚོ་བ།
2022.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

 ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་འགོ་ཁུངས་སྡེ་བར་གཟིགས་ཞིབ་མཛད་སྐབས་བསྟན་དོན། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་ལེགས་པོ་ཞིག་ཡིན་པ་དང་། སྐྱེ་ཁམས་གནས་སྤོར་བྱེད་པ་ནི་སྲིད་ཇུས་དེ་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་རྩ་འཛུགས་དང་ལག་བསྟར་བཟང་བོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོའི་རྒྱལ་ཁབ་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་སོ་སོ་ནི་ཁྱིམ་ཚང་གི་མི་ཡིན་པས། ཚང་མས་ཕན་ཚུན་ལ་གཅེས་སྐྱོང་དང་རོགས་རེས་བྱེད་པ་དང་མཉམ་དུ་མཐུན་སྒྲིལ་ཡར་ཐོན་ཡོང་བར་བྱེད་དགོས།

འབྲི་ཆུའི་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བས་བཤད་རྒྱུར། ལོ་དྲུག་གི་རིང་ལ། འབྲི་ཆུའི་འགོ་ཁུངས་སྡེ་བའི་རྣམ་པ་ལེགས་ཤིང་། ཆུ་དང་གློག སོལ་རླངས། ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཟང་བོ་བྱས་པ་དང་།  གཞི་རྩའི་སྤྱི་ཐུན་ཞབས་ཞུའི་མ་ལག་ཆ་ཚང་དུ་གྱུར་ཞིང་གནས་སྤོར་འབྲོག་པ་མང་ཚོགས་ཀྱི་འཚོ་བར་འགན་སྲུང་གང་ལེགས་བྱས་པས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། ཡིད་ཚིམས་ཚད་སྔར་ལས་ཇེ་དྲག་ཏུ་གྱུར།

ད་ལྟ་སྡེ་བ་དེས་སྡེ་དམངས་ཐོན་ལས་མཉམ་ལས་ཁང་བཙུགས་པའི་དབང་གིས་སྡེ་དམངས་ཡོངས་ཀྱི་ཡོང་སྒོ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། བཀྲ་ཤིས་ཟླ་བས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཁྱིམ་ཚང་ཕྱུག་སྒྱུར་བྱས། ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེར་འཕར་སྣོན་བཏང་ཞིང་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་བསྒྱུར་བ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་ཡོད་ཟེར།

མིག་སྔར། འབྲི་ཆུའི་འགོ་ཁུངས་སྡེ་བར་བསྡོམས་པས་ཁྱིམ་ཚང་ཉིས་བརྒྱ་དང་ཉེར་གཅིག་ཡོད་པ་དང་མི་གྲངས་དྲུག་བརྒྱ་དང་གཅིག་ཡོད་ལ། རྒན་བཀུར་ཁང་དུ་ལྔ་སྐྱོང་ཁྱིམ་ཚང་བརྒྱད་ཡོད། ཉིས་སྟོང་ཉེར་གཅིག་ལོར་སྡེ་བ་ཡོངས་ཀྱི་མི་རེས་ཆ་སྙོམས་སྒོས་བེད་སྤྱོད་བྱས་ཆོག་པའི་ཡོང་སྒོ་ཁྲི་གསུམ་དང་སྟོང་གཅིག་དགུ་བརྒྱ་ཉི་ཤུ་ལ་སླེབས་ཡོད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་འབུམ་ལྔ་དང་སྟོང་བརྒྱད་ལ་སླེབས། ཉིས་སྟོང་བཅུ་དགུ་ལོར་འབྲི་ཆུའི་འགོ་ཁུངས་སྡེ་བ་སྔ་གཞུག་ཏུ་ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་སྡེ་བ་དང་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་སྡེ་བ་བཅས་སུ་བདམས་པ་དང་། ཉིས་སྟོང་ཉི་ཤུ་ལོར་ཁུལ་རིམ་པའི་བདེ་ཐང་སྡེ་བར་བདམས། ཉིས་སྟོང་ཉེར་གཅིག་ལོར་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། སྐབས་དྲུག་པའི་རྒྱལ་ཡོངས་དཔལ་ཡོན་སྡེ་བ་དང་གྲོང་རྡལ་དང་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་ཐུན་མོང་དུ་བདམས།

འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་མི་སེང་གེ་ཡིས་བཤད་རྒྱུར། ཏང་དང་རིམ་པ་སོ་སོའི་སྲིད་གཞུང་གིས་སེམས་ཁུར་དང་རོགས་རམ་བྱས་འོག སྡེ་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་སྡེ་བའི་ཁྱིམ་ཚང་རེ་རེར་རང་བྱུང་སོལ་རླངས་འཐེན་པ་དང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོར་བརྟེན་ནས་སྡེ་བའི་ཁོར་ཡུག་ལྗང་སྒྱུར་བྱས་ཤིང་ཨར་འདམ་ཅན་གྱི་གཞུང་ལམ་ལས་པ་དང་། སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གང་ལེགས་བྱས་ནས། སྔ་གཞུག་ཏུ་སློབ་ཆུང་དང་རྒན་བཀུར་ཁང་། གད་སྙིགས་ཐག་གཅོད་བྱེད་ས། སྡེ་བའི་རླངས་འཁོར་ས་ཚིགས། རིག་གནས་ཐང་ཆེན་སོགས་ལས་པར་མ་ཟད་ཉི་འོད་ནུས་པའི་ལམ་སྒྲོན་བཙུགས་པ་དང་ཕྱོགས་བསྡུས་སྣ་འཛོམས་ཚོང་ར་འཛུགས་སྐྲུན་བྱས་ཡོད། ད་ལྟ་ང་ཚོ་མཁར་གྲོང་དུ་བསྡད་ཡོད་ནའང་ལོ་རེར་རྩྭ་སའི་བྱ་དགའི་ཁ་གསབ་སྒོར་མོ་སྟེར་བཞིན་ཡོད། དེ་ལས་གཞན་ད་དུང་དཀའ་ཁག་ཅན་གྱི་ཁ་གསབ་རོགས་དངུལ་དང་རྒན་གསོའི་མ་དངུལ། རྒྱུ་ཆའི་ཁ་གསབ་རོགས་དངུལ་སྟེར་བ་དང་ཐུན་མོང་དཔལ་འབྱོར་གྱི་ཐོབ་ཆ་བགོ་བཞིན་ཡོད་པས་ཡོང་སྒོ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

ཏང་གི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། འབྲི་ཆུའི་འགོ་ཁུངས་སྡེ་བས་དབུལ་ཐར་ཕྱུག་སྒྱུར་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་མངོན་འགྱུར་བྱས། ས་དེ་རུ་འཚོ་བ་རོལ་པའི་སྡེ་མི་རེ་རེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ་དང་། སྐྱིད་པའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་དུ་འགྲོ་ཐུབ་པར་ཆོད་སེམས་བརྟན་པོ་བཅངས་ཡོད།

                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།