༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད། ༽ཁག་བཅུ་བ། ཕྱུག་འགྱུར་བྱུང་བའི་པན་ཡན་སྡེ་བར་དྲིན་གཟོའི་སྐད་ཆ་རྫོགས་མཐའ་མེད།
2022.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

2016ལོའི་ཟླ8པའི་ཚེས23ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཕེབས་ཏེ། དབུལ་སྐྱོར་ཡུལ་གཞན་གནས་སྤོར་བྱས་པའི་པན་ཡན་སྡེ་བར་རྟོག་ཞིབ་མཛད་སྐབས་བསྟན་དོན། གནས་སྤོར་སྡོད་དམངས་གནས་སྤོར་བྱེད་པ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ནུས་ལྡན་བྱེད་ཐབས་ཤིག་ཡིན་ཞིང་། གནས་སྤོར་བྱ་བས་ཞིང་བ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ནས་ཁོ་ཚོ་སྡེ་གསར་གྱི་འཆར་འགོད་ནང་ཞུགས་སུ་འཇུག་དགོས། སྡེ་བ་གསར་བའི་འཛུགས་སྐྲུན་དེ་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་སྐུལ་འདེད་ལ་སྦྲེལ་བ་དང་། གཞི་རྩའི་སྤྱི་བའི་ཞབས་ཞུ་འཐུས་ཚང་དུ་གཏོང་བར་སྦྲེལ་དགོས་པར་མ་ཟད། མི་རིགས་དང་ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་སམ་ཡུལ་སྲོལ་གོམས་གཤིས་ལ་སྲུང་སྐྱོབ་བྱེད་པ་དང་སྦྲེལ་དགོས།

སྔོན་ཆད་ཀྱི་པན་ཡན་སྡེ་བའི་ས་བབ་མཐོ་ཞིང་། ལམ་ཐག་རིང་བ་དང་། ཆུ་དཀོན་ལ། འགྲིམ་འགྲུལ་སྟབས་བདེ་མིན། རང་ས་ཆ་ནས་རང་ཁ་རང་གསོ་བྱེད་དཀའ་བར་གྱུར་ཡོད། 2015ལོའི་ལོ་མཇུག་ཏུ། ཚགས་བསྒྲིགས་བྱང་བཙུགས་ཀྱི་དབུལ་ཕོངས་ཁྱིམ་ཚང192དང་མི732གནད་འཁེལ་ངོས་འཛིན་བྱས་པ་དང་། དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི52.3ཡིན་ལ། སྡེ་བ་ཧྲིལ་བོའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་རྐྱང་སྒོར2600ལས་མེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གཅིག་ཀྱང་མེད། དབུལ་ཕོངས་མཁྲེགས་གཏོར་བྱ་བ་སྤེལ་བའི་རྗེས་སུ། པན་ཡན་སྡེ་བ་ཡུལ་གཞན་དུ་་དབུལ་སྐྱོར་གནས་སྤོར་བྱས། 2016ལོར། པན་ཡན་སྡེ་བའི་ཁྱིམ་ཚང129རི་མགོ་ནས་བབས་ཏེ། ཁོད་ཡངས་ཤིང་དཀར་གསལ་ཆེ་བའི་ཁྱིམ་གཞིས་གསར་བར་གནས་སྤར་ནས། བདེ་སྐྱིད་ཀྱི་འཚོ་བ་དངོས་སུ་རོལ་མགོ་བརྩམས།

2017ལོའི་ཟླ3པར། པན་ཡན་སྡེ་བ་སྤྱིའི་དབུལ་སྐྱོར་ཡུལ་གཞན་གནས་སྤོར་བྱ་བ་ཡོངས་འགྲུབ་བྱས། 2017ལོའི་ལོ་མཇུག་ཏུ། ཚགས་བསྒྲིགས་བྱང་བཙུགས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། པན་ཡན་སྡེ་བ་དབུལ་ཕོངས་སྡེ་བའི་གྲལ་ནས་ཕྱིར་བུད་དེ། མི་གྲངས་ཅུང་ཉུང་བའི་མི་རིགས་དབུལ་ཕོངས་སྡེ་བ་ཐོག་མར་དབུལ་ཐར་བྱུང་།

དབུལ་ཐར་བྱུང་རྗེས་ཀྱི་པན་ཡན་སྡེ་བས་ཐོན་ལས་རྣམ་གྲངས་སྲ་བརྟན་དུ་གཏོང་བའི་ཐད་ཁྱད་ལྡན་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་སྙན་གྲགས་རྒྱས་པར་བྱས། སྐྱེ་ཁམས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་ལས་པ་དང་། ཉི་འོད་ནུས་པའི་དྲོད་ཁང་ཆེན་མོ་དང་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་བཏང་ནས། སྤྲོ་གསེང་ཡུལ་སྐོར་དང་། ཕྱིར་འཚོང་སོགས་ཀྱི་མུ་འབྲེལ་ཐོན་ལས་ཆགས་ཡོད། 2020ལོའི་ལོ་མཇུག་ཏུ། སྡེ་བ་ཧྲིལ་བོའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར11419ཡིན་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི106.9ཡིན། 2021ལོར། པན་ཡན་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་རྐྱང་སྒོར12300ལ་བསླེབས་ཡོད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་རིམ་བསགས་ཀྱིས་སྒོར་ཁྲི145བསླེབས་ཡོད་ལ། སྤོར་ཐུབ་པ་དང་། རྐང་ཚུགས་པ། ལས་ཀ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་སྤྱིའི་དམིགས་འབེན་ངེས་པ་དོན་གྱིས་མངོན་འགྱུར་བྱུང་ཡོད།

ད་ལྟའི་པན་ཡན་སྡེ་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་གནས་སྐོར་སྡེ་བ་གཙོ་བོ་དང་། ཀྲུང་གོའི་མཛེས་པའི་སྤྲོ་གསེང་གྲོང་གསེབ། རྒྱལ་ཁབ་ནགས་ཚལ་གྲོང་གསེབ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ། སྐོར་ཐེངས་བརྒྱད་པའི་རྒྱལ་ཡོངས་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་འཐབ་ཇུས་དཔེ་སྟོན་སྡེ་བ། མཚོ་སྔོན་ཞིང་ཆེན་གྱི་དམར་དམག་གནས་སྐོར་ཀྱི་མཛེས་ལྗོངས་གྲགས་ཅན། གྲོང་གསེབ་གནས་སྐོར་གྱི་སྡེ་བ་གཙོ་བོ་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་བོ་ཐོབ་ཡོད།

པན་ཡན་སྡེ་བའི་སྡེ་མི་ཚོས་བཤད་རྒྱུར། དྲིན་གཟོའི་སྐད་ཆ་རྫོགས་མཐའ་མེད་ལ། དྲིན་གཟོའི་བརྩེ་བ་དེ་འབད་འཐབ་ཀྱི་སྟོབས་ཤུགས་སུ་བསྒྱུར་ན། ད་གཟོད་ཏང་དང་རྒྱལ་ཁབ་ལ་ངོ་གནོས་མི་དགོས་ལ། པན་ཡན་སྡེ་བའི་མ་འོངས་པའི་འཚོ་བ་སྔར་ལས་བཟང་བར་ཡིད་ཆེས་ཡོད་ཟེར།