༼མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་ལག་བསྟར་བྱེད།༽ཁག་བཅུ་གཅིག་པ། རྒྱལ་ཡོངས་ཀྱི་ནུས་ཁུངས་ཚུལ་བསྒྱུར་ཐད་ནས་མཚོ་སྔོན་གྱི་དཔེ་གཞི་ཆགས།
2022.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

རང་ཞིང་གི་ཉི་འོད་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ས་རྒྱ་ཆེ་ལ། དག་གཙང་ནུས་ཁུངས་གསར་སྤེལ་གྱི་དགེ་མཚན་མངོན་གསལ་ཡིན་པ་དང་། གསར་སྤེལ་གྱི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྤྲད་པའི་ལས་འགན་གལ་ཆེན་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བསྩལ་པའི་དུས་རབས་ཀྱི་གོ་སྐབས། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དངོས་ཡོད་ཐབས་ལམ་བཅས་ཡིན།

འདས་པའི་ལོ་གཅིག་ནང་། རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་བརྟན་བརླིང་ངང་མདུན་དུ་བསྐྱོད་པ་དང་།  2021ལོའི་ལོ་འགོར། “རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ”དེ《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་2020ལོའི་རྒྱང་རིང་དམིགས་འབེན་རྩ་གནད》ནང་བཞག རང་ཞིང་གིས་ལྗང་མདོག་ནུས་ཁུངས་གསར་བརྗེ་སྤེལ་ནས། ཉི་འོད་ནུས་པ་དང་རླུང་གློག འོད་ནུས། ས་འོག་ཚ་ནུས་སོགས་ནུས་ཁུངས་གསར་བ་འཕེལ་རྒྱས་སུ་གཏོང་བ་དང་། གཞི་ཁྱོན་གྱི་དགེ་མཚན་དང་ལས་ཆོད་ཀྱི་དགེ་མཚན། ཚོང་རའི་དགེ་མཚན་ལྡན་པའི་ཐོན་ལས་གཙོ་བོ་གསར་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་རིགས་གསར་བའི་ནུས་ཁུངས་ཐོན་ལས་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱེད་རྒྱུ་རེད།

2021ལོའི་ཟླ་7ཚེས་13ཉིན། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས《མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་འགུལ་སྤྱོད་ཇུས་གཞི》པར་འགྲེམས་བྱས་ནས། ནུས་ཁུངས་བདེ་འཇགས་ལ་འགན་སྲུང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་དམིགས་འབེན་ལས་འགན་ཆེན་པོ་གཉིས་ལ་དམིགས་པ་དང་། 2030ལོའི་ཞིང་ཆེན་ཡོངས་ཀྱི་རླུང་གློག་དང་ཉི་འོད་ནུས་པའི་འཕྲུལ་འཁོར་གྱི་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར་གཅིག་ཡན་ལ་བསླེབ་པར་བྱེད་པ་དང་། དག་གཙང་ནུས་ཁུངས་འཕྲུལ་འཁོར་གྱི་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལས་བརྒལ་བའི་དམིགས་འབེན་གཙོར་བཟུང་ནས། རྒྱལ་ཡོངས་ཀྱིས་དུས་བཀག་ལྟར་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོང་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུས།

2021ལོའི་ཟླ་10པར། རྒྱལ་ཁབ་ཀྱི་རླུང་གློག་དང་ཉི་འོད་ནུས་པའི་རྟེན་གཞི་ཆེ་གྲས་ཧའེ་ནན་དང་མཚོ་ནུབ་རྟེན་གཞིའི་ལས་གཞི་གཅིག་བསྡུས་སྒོས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཐེངས་གཅིག་ལ་ནུས་ཁུངས་གསར་བ་སྟོང་ཝ་བྱེ་བ་གཅིག་དང་འབུམ་དགུ་འཛུགས་སྐྲུན་བྱེད་རྒྱུ་བཀོད་སྒྲིག་བྱས་ལ། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་ལྔ་ལས་བརྒལ་བ་དང་། རང་ཞིང་གི་ནུས་ཁུངས་གསར་བའི་ལོ་རྒྱུས་སྟེང་གི་ཐོག་མར་གྱུར།  ལས་གཞི་འཛུགས་སྐྲུན་ལག་བསྟར་བྱས་པ་དེ། མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་བསྐྲུན་པ། རྒྱལ་ཁབ་ཀྱིས་སྐོར་ཁག་དང་པོའི་བྱེ་ཐང་དང་མྱ་ངམ་ཐང་། ཐང་སྟོང་འཛུགས་སྐྲུན་བྱེད་པ་གཙོར་བྱས་པའི་རླུང་གློག་དང་ཉི་འོད་ནུས་པའི་རྟེན་གཞིའི་ལས་གཞི་ཆེ་རིགས་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་དང་ལེན་བྱེད་པ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

རང་ཞིང་ལ་ཐོན་ཁུངས་ཀྱི་དགེ་མཚན་ཆེན་པོ་ལྡན་པ་དང་། ཚུལ་སྒྱུར་གྱི་གོ་སྐབས་བཟང་བོར་ཐུག་ཡོད་པས། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལྷག་པར་དུ2018ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པས། རང་ཞིང་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་བ་དང་། སྤྱི་ཁོག་གི་གྲུབ་ཚུལ་ཇེ་ལེགས་སུ་སོང་ནས། གཅིག་གཉིས་གསུམ་བཞིའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱས་པ་དང་། གཉིས་ཅན་གསུམ་གྱི་འཕེལ་རྒྱས་གྲུབ་འབྲས་བླངས། ཞིང་ཆེན་ཡོངས་ཀྱི་སྟོད་སྨད་རྒྱུད་ཀྱི་ཐོན་ལས་དང་ནུས་ཁུངས་མཉམ་འབྲེལ་དྲ་རྒྱ ནུས་ཁུངས་གཞི་གྲངས་ཆེན་པོའི་སྐྱེ་ཁམས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་མཚོ་སྔོན་གྱི་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་འཐབ་ཇུས་རིགས་གསར་ཐོན་ལས་འདུ་ཚོགས་གྲུབ་པར་སྣེ་ཁྲིད་བྱེད་དགོས། རྒྱལ་ཁབ་ནུས་གསོག་འཕེལ་རྒྱས་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ནས། རྒྱལ་ཡོངས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཐད་དཔེ་ལྟ་བྱེད་ཆོག་པ་དང་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པ། ཁྱབ་གདལ་དུ་བཏང་ཆོག་པའི་ཕན་ཡོད་ཉམས་མྱོང་འཚོལ་ཞིབ་བྱེད་དགོས།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས“འཛམ་གླིང་གི་དྭངས་གཙང་ནུས་ཁུངས་ཐད་ནས་ཀྲུང་གོར་ལྟ་བ་དང་། ཀྲུང་གོའི་དྭངས་གཙང་ནུས་ཁུངས་ཐད་ནས་མཚོ་སྔོན་ལ་ལྟ་བའི”ནུས་ཁུངས་འཕེལ་རྒྱས་ཀྱི་དཔེ་གཞི་གསར་པ་བྲིས་ཡོད་ཅེས་བཤད་ཆོག

རིན་ཆེན་མཚོས་བསྒྱུར།