ཧུང་ཡོན་ནོར་གནག་འོ་ལས་ཀྱིས་མང་ཚོགས་ལ་ཕན་ཁེ་བསྐྲུན།
2022.06.28 ཁུངས། ཀློག་གྲངས། 28


དབྱར་ཁ་སླེབས་རྗེས་གནམ་གཤིས་ཀྱི་དྲོད་ཚད་རིམ་བཞིན་ཇེ་མཐོར་ཕྱིན་པ་དང་བསྟུན། ཡངས་ཤིང་རྒྱ་ཆེ་བའི་ཧུང་ཡོན་རྩྭ་ཐང་ཆེན་མོ་རུ་རི་ཀླུང་ལྷུན་གྱིས་ཆགས་ཤིང་གཙང་བོ་དལ་གྱིས་རྒྱུ་ལ། རྩྭ་ལྗང་གོས་ཀྱིས་ཀླུབས་ཤིང་སྒོ་ཕྱུགས་ཀྱི་སྐྱེ་སྟོབས་ཡར་ཚེས་ཀྱི་ཟླ་ལ་འགྲན་བཞིན་ཡོད། 

གསར་འགོད་པ་སུ་ཁྲོན་རྔ་བ་ཁུལ་ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་གྱི་རྒྱང་ཐག་ཅུང་རིང་བའི་འབྲོག་སའི་གནས་སྤོའི་འོ་མ་བསྡུ་བའི་ས་ཚིགས་སུ་བསྐྱོད་སྐབས། ཐོ་འགོད་དང་། སྤྲི་དཀར་ཚད་ལེན། རྒྱ་མར་འཇལ་བ། རྩིས་རྒྱག་པ་སོགས་མིག་ལམ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོང་ལ། རྒྱུན་མི་ཆད་པར་འོ་མ་འཚོང་བར་ཡོང་མཁན་གྱི་འབྲོག་པ་ཚོས་དཀར་གསར་འོ་མ་དྭངས་མོ་རྒྱ་མར་འཇལ་སའི་ཟོམ་ཆེན་ནང་ཤག་ཤག་ཏུ་བླུགས་བཞིན་ཡོད། 

འོ་མ་བཙོང་ཚར་ནས་ཕྱིར་རང་ཁྱིམ་དུ་ལོག་མ་ཐག་པའི་ཨ་མཆོག་ཧུ་ར་སྨད་པའི་མཁས་ཁོས་གདོང་ལ་འཛུམ་གྱིས་ཁེངས་ནས་བརྗོད་རྒྱུར། “ད་ལོ་ཟླ་ལྔ་བ་ནས་བཟུང་འོ་མ་བསྡུ་མགོ་བརྩམས་ཡོད་པས། ལོ་སྔོན་མ་དང་བསྡུར་ན་དུས་ཚོར་ཇེ་རིང་ལ་ཕྱིན་ཡོད་པ་དང་། ང་ཚོའི་ཡོང་འབབ་ཀྱང་ཇེ་བཟང་ལ་སོང་ཡོད། ངེད་ཚང་གིས་ལོ་རེར་འོ་མ་བཙོང་ནས་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་ལྔ་ཡར་མར་ལོན་གྱི་ཡོད་”ཅེས་བཤད།

འོ་མའི་འབྱུང་ཁུངས་ཀྱི་བདེ་འཇགས་དང་གསར་ཐོན་ནི་ཧུང་ཡོན་ནོར་གནག་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། འབྲོག་པ་ཚོས་འཕྲལ་མར་བཏོན་པའི་འོ་མ་གསར་པ་དེ་གནས་སྤོའི་འོ་མ་བསྡུ་བའི་ས་ཚིགས་སུ་སྐྱེལ་རྒྱུར་སྟབས་བདེ་བསྐྲུན་ཆེད། འབྲོག་སའི་རིང་ཐུང་ལ་གཞིགས་ནས་ཧུང་ཡོན་ནོར་གནག་འོ་ལས་ཀྱིས་ལམ་བཟོ་བའི་རུ་ཁག་བཙུགས་ཏེ་གྲོང་གསེབ་ཀྱི་འོ་མའི་འབྱུང་ལམ་བསྐྲུན་པར་མ་ཟད། ཁེ་བེད་བདག་ཐོབ་ཀྱི་གཞི་རྩའི་ལག་རྩལ་ལྡན་པའི་གནས་སྤོའི་འོ་བསྡུ་ས་ཚིགས་བཙུགས་པ་དང་།“འོ་མ་ཉོ་འཚོང་བྱེད་སའི་གཞུང་ལམ་དང་གནས་སྤོའི་འོ་བསྡུའི་ས་ཚིགས”སོགས་འོ་མའི་འབྱུང་ཁུངས་ཀྱི་མ་ལག་འཛུགས་སྐྲུན་བྱས་པ་བརྒྱུད་འབྲི་འོ་ཉོ་སྒྲུབ་ཀྱི་ཁྱབ་ཁོངས་ཇེ་ཆེར་ཕྱིན་པ་དང་། འོ་གསར་ཉོ་སྒྲུབ་བྱེད་ཚད་ཀྱང་ཇེ་མཐོར་ཕྱིན་ཡོད། དེ་དང་ཆབས་གཅིག་ས་གནས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཇེ་བཟང་དང་གསར་ཐོན་འོ་མ་ཉོ་འཚོང་གི་སྤུས་ཀ་ཇེ་ལེགས་སུ་སོང་བས། ཁེ་ལས་དང་འབྲོག་པ་གཉིས་མཉམ་དུ་འཕེལ་རྒྱས་ཡོང་བའི་རྣམ་པ་མངོན་འགྱུར་བྱུང་ཡོད།

“ཧུང་ཡོན་རྫོང་ནོར་གནག་འོ་ལས་སྤྱི་གཉེར་ཁང་ནི་ཧུང་ཡོན་རྫོང་གི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་འོ་མ་བསྡུ་པའི་དུས་ཚོད་ཇེ་རིང་དང་རྒྱ་ཁྱོན་ཇེ་ཆེ་ལ་བཏང་སྟེ། ལོ་སྔོན་མ་དང་བསྡུར་ན་ཟླ་གཅིག་གིས་སྔ་བ་དང་ད་དུང་ཟླ་གཅིག་ཕྱིར་འགྱངས་བྱེད་འཆར་ཡོད། མ་ཟད་གནས་སྤོའི་འོ་བསྡུའི་ས་ཚིགས་ཁ་སྣོན་བྱས་ཏེ་རྫོངས་ཡོངས་སུ་འོ་བསྡུའི་ཁྱབ་ཁོངས་འབྲོག་དམངས་ཀྱི་བརྒྱ་ཆའི་དགུ་བཅུ90%ཡན་ཟིན་པར་བྱས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་བཟང་དང་། ཧུང་ཡོན་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་”ཧུང་ཡོན་ནོར་གནག་འོ་ལས་སྤྱི་གཉེར་ཁང་གི་འགན་འཛིན་པ་ཕུན་ཚོགས་བཀྲ་ཤིས་ཀྱིས་བཤད།

ཉེ་བའི་ལོ་ཤས་རིང་། ཧུང་ཡོན་ནོར་གནག་འོ་ལས་དེ་ཧུང་ཡོན་ས་གནས་ཀྱི་ནོར་གནག་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ནོར་གནག་ཐོན་ལས་ཀྱིས་བོད་རིགས་འབྲོག་པ་མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དང་། སྤུས་ལེགས་འབྲི་འོའི་ཐོན་རྫས་ཀྱི་སྤུས་རྟགས་དང་ཐོན་རྫས་གསར་དུ་གཏོད་པའི་ལམ་བུ་འཚོལ་ཞིབ་བྱས་ཏེ། ནོར་གནག་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། འབྲི་འོ་གསར་པ་ཉོ་སྒྲུབ་བྱེད་རྒྱ་ཆེ་རུ་གཏོང་བ། གསར་ཐོན་འོ་མ་ཉོ་སྒྲུབ་བྱེད་ཚད་ཇེ་མང་དུ་གཏོང་བ་དང་། འབྲི་འོའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། འབྲི་འོའི་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་སྔོག་འདོན་བཅས་བྱས་ནས་ཧུང་ཡོན་རྫོང་གི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད།


འཕྲིན་སྤེལ་བ། བླ་མ་ཚེ་བརྟན། ཚེ་རིང་སྒྲོན།