དཔའ་ལུང་རྫོང་གི་ཁེ་ལས་བརྒྱ་ཡིས་ཁྱིམ་ཚང་བརྒྱ་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་གྱིས་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན།
2022.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་རྫོང་ཡོངས་ཀྱིས་དམངས་གཉེར་ཁེ་ལས་བརྒྱ་ཡིས་ཁྱིམ་ཚང་བརྒྱ་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། མཉམ་དུ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་བཏང་བ་དང་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། དཔའ་ལུང་རྫོང་གི་ཁེ་ལས་པས་མྱུར་དུ་དང་ལེན་བྱས་པ་དང་བྱ་འགུལ་ཁྲོད་ཞུགས་ནས། གནད་ཕིགས་རོགས་སྐྱོར་བྱས་པས། ཁེ་ལས་བརྒྱ་ཡིས་ཁྱིམ་ཚང་བརྒྱ་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་ཐད་ནས་གྲུབ་འབྲས་བཟང་བོ་བླངས།

2010ལོའི་ཚུན་དུ། མཚོ་སྔོན་ཧྲིག་ཧུང་ཐོན་ལས་ཉོ་སྒྲུབ་ཚད་ཡོད་ཀུང་ཟིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྤྱི་ཕན་བྱ་འགུལ་སྤེལ་ནས་དཀའ་ཁག་ཡོད་པའི་སློབ་མར་རོགས་སྐྱོར་བྱས་པ་དང་། མིག་སྔའི་བར་དུ་བསྡོམས་པས་སྒོར་ས་ཡ་བརྒྱད་ཞལ་འདེབས་སུ་ཕུལ་ལ། དེ་དང་མཉམ་དུ་ངལ་རྩོལ་ནུས་པ་ཡོད་པའི་མང་ཚོགས་ལ་ངལ་རྩོལ་ལས་རྐང་འདོན་སྤྲོད་བྱས་ཏེ། ཁོ་ཚོའི་འཚོ་བ་ཇེ་བཟང་དུ་བཏང་བ་དང་ཡོང་འཕར་ཕྱུག་བསྒྱུར་བྱས། མཚོ་སྔོན་ཧྲིག་ཧུང་ཐོན་ལས་ཉོ་སྒྲུབ་ཚད་ཡོད་ཀུང་ཟིའི་སྦྱིན་བདག་མཱ་ཀྲི་ཡུང་གིས་སྤྱི་ཚོགས་ལ་སྟོབས་ཤུགས་འབུལ་རྒྱུ་ནི་དམངས་གཉེར་ཁེ་ལས་ཀྱི་འགན་འཁྲི་ཡིན་ཟེར།

མིག་སྔར། དཔའ་ལུང་རྫོང་གིས་འདྲི་བཅར་མཐིལ་རྟོགས་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པར་མ་ཟད་རོགས་སྐྱོར་འཆར་གཞི་གཏན་འབེབས་བྱས་པ་དང་། ཟླ་དྲུག་པའི་བར་དུ། ས་དེའི་ཁེ་ལས་ང་དྲུག་གིས་བསྡོམས་པས་སྡེ་དམངས་གོ་བརྒྱད་ལ་རོགས་སྐྱོར་བྱས།

རིན་ཆེན་མཚོས་བསྒྱུར།