མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་ལྔ་བརྒྱ་ང་གཉིས་ཀྱིས་ལོ་ལྔའི་རིང་ལ་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས།
2022.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་ཀྲུང་དབྱང་ཁེ་ལས་བཅུ་བདུན་ནས་ཡོང་བའི་སྐོར་གཉིས་ཀྱི་ལས་བྱེད་པ་དང་འཇོན་མི་ལྔ་བརྒྱ་དང་ང་གཉིས་ཀྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱང་དབུགས་དཀོན་ཡང་སྙིང་སྟོབས་ཆེར་སྐྱེད་པ་དང་། དཀའ་ཚེགས་ལ་མི་འཛེམ་པ། ས་བབ་མཐོ་ཡང་བསམ་བློའི་ཡུལ་ཁམས་དེ་ལས་ཀྱང་མཐོ་བར་བྱེད་པའི་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས། རང་ཁྱིམ་རྒྱབ་ཏུ་བསྐྱུར་ནས་སྔར་གཞུག་ཏུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཟི་བརྗིད་ཀྱི་བྱ་བའི་ཁྲོད་ཞུགས།

ལོ་ལྔའི་རིང་ལ། ཁོ་ཚོས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། ཟམ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བློ་སེམས་རྩེ་གཅིག་གིས་ལག་རྗེས་བཞག་པ་དང་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས་པས། རིགས་མི་འདྲ་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་སྟོང་གཉིས་ལྷག་འཕྲོ་རིམ་འཕྲོར་ལག་བསྟར་བྱས་པ་དང་། མཚོ་སྔོན་རོགས་སྐྱོར་གྱི་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་དགུ་བཀོད་སྒྲིག་བྱས། རོགས་སྐྱོར་རུ་ཁག་སོ་སོས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བརྒྱུད་དེ། འབྲེལ་ཡོད་ལས་གཞི་བརྒྱ་དང་དགུའི་གྲོས་མཐུན་བཀོད་པ་དང་། མ་དངུལ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཅིག་ལ་སླེབས་ཤིང་། ཁེ་ལས་བརྒྱ་དང་བཅུ་དགུ་ནང་འདྲེན་བྱས་པ་དང་། སྤྱིའི་མ་དངུལ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བརྒྱད་ལ་སླེབས། མཚོ་སྔོན་རོགས་སྐྱོར་གྱི་མ་དངུལ་དེ་དག་མཚོ་སྔོན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར།

གནས་བཞི་འཛུགས་སྐྲུན་ལ་དམིགས་ནས། རོགས་སྐྱོར་རུ་ཁག་སོ་སོས་བཟོ་འཕྲིན་པུའུ་ཡི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། རང་ཞིང་བར་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་ཇུས་གཞི་བཀོད་པ་དང་། སྡོད་ཁང་འཛུགས་སྐྲུན་པུའུ་ཡི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཉིས་རྒྱལ་ཡོངས་ཀྱི་དག་གཙང་དྲོད་འདོན་དཔེ་སྟོན་གྲོང་ཁྱེར་ཁྲོད་བཞག་ལ། ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་གཉིས་ལ་མཐུན་སྦྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁེ་ལས་བཞི་ཡི་བསྡོམས་པས་ཐོན་རྫས་བཅུ་གཉིས་ལ་ལྗང་མདོག་ཟས་རིགས་ཀྱི་ཁས་ལེན་འཛིན་ཡིག་ཐོབ་པ་དང་། ཚོང་རའི་གཙོ་གཞི་གོ་བརྒྱད་ལ་ནོར་ལུག་ཤ་དང་འཕང་འབྲས་སོགས་སྐྱེ་ལྡན་ཁས་ལེན་འཛིན་ཡིག་བརྒྱ་དང་ཞེ་ལྔ་ཐོབ། ཀྲེ་ཅང་གིས་མཚོ་ནུབ་ཚྭ་མཚོའི་ཐོན་ཁུངས་ལ་རྒྱབ་རྟེན་ནས། ཐཱན་ཆིང་འདྲེས་སྦྱོང་དངོས་པོ་ཏུན་འབུམ་དྲུག་གི་ལས་གཞི་དང་ཞིང་འོད་ཐོན་ལས་ཁ་གསབ་། སྭེལ་ཐོན་ལས་ལས་གཞི་ནང་འདྲེན་བྱས་པ་དང་། སྤྱིའི་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གསུམ་ལ་སླེབས། དཔའ་ནུས་དང་དཔའ་གློག རྒྱལ་ཁབ་ནུས་ཁུངས་དང་རྒྱལ་ཁབ་གློག་གཏོང་སོགས་ཀྲུང་དབྱང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁེ་ལས་ཀྱིས་བསྡོམས་པས་སྟོང་ཝ་ས་ཡ་བརྒྱད་ཀྱི་རླུང་གློག་དང་ཉི་འོད་ནུས་པའི་ལས་གཞི་ལག་བསྟར་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་འདེགས་བྱས།

རིན་ཆེན་མཚོས་བསྒྱུར།