མཚོ་ནུབ་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་བཟང་བོ་འཛུགས་སྐྲུན་བྱེད་པིའ་ལོ་གསུམ་འགུལ་སྐྱོད་སྤེལ།
2022.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་ལམ། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་དང་རིམས་ནད་ཀྱི་གནོད་པར་ཁ་གཏད་འཇལ་བ་དང་། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་ཆེད། མཚོ་ནུབ་ཁུལ་གྱིས་ཁེ་ལས་འཕེལ་རྒྱས་ཐད་ཀྱི་དཀའ་གནད་དང་མི་འདང་ས་གཙིགས་སུ་བཟུང་བ་དང་། སྲིད་དོན་ཁོར་ཡུག་དང་ཚོང་རའི་ཁོར་ཡུག ཁྲིམས་སྐྱོང་ཁོར་ཡུག སྤྱི་ཚོགས་ཁོར་ཡུག བྱ་བའི་འགན་སྲུང་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས། ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་པའི་སྐོར་གྱི་བྱ་བའི་ཇུས་གཞི་སྒྲིག་བཟོ་འགྲེམ་སྤེལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་པ་དང་ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེར་སྐྱེད་པར་ཁག་ཐེག་བྱས་པ་དང་། དཔལ་འབྱོར་འཁོར་རྒྱུག་གཏན་འཇགས་ཡོང་བ་དང་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྣེ་ཁྲིད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགུལ་སྐྱོད་ཀྱིས་ལོ་གཅིག་གི་ནང་གྲུབ་འབྲས་མཐོང་ཐུབ་པ་དང་། ལོ་གཉིས་ཀྱི་ནང་སྲ་བརྟན་མཐོར་འདེགས་གཏོང་བ། ལོ་གསུམ་ནང་ཞིང་ཆེན་ཡོངས་ཀྱི་ཆེས་བཟང་བོར་འགྱུར་བར་བྱེད་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་ཏུ་ཚོང་རའི་གཙོ་གཞིའི་ལྡབ་འགྱུར་འཕར་སྣོན་དམིགས་འབེན་མངོན་འགྱུར་བྱེད་པར་དམ་དུ་དམིགས་ནས། སྲིད་བསྡུ་དབང་གཏོང་ལ་ཤུགས་བསྣན་པ་དང་། རྒྱུན་མཐུད་ངང་གློད་སྡོམ་ཞབས་གསུམ་དང་འཛིན་མང་གཅིག་སྒྲིལ་བཅོས་བསྒྱུར་ལག་བསྟར་བྱས་ལ། དངུལ་གཏོང་ལས་གཞིའི་སྔོན་དུས་ཀྱི་མཆན་འགོད་རྒྱུད་རིམ་ལེགས་བསྒྱུར་བྱས་པ་དང་།གཞི་གྲངས་ཅན་གྱི་སྲིད་དོན་ཞབས་ཞུ་འཛུགས་སྐྲུན་བྱས་ནས། མཉམ་འབྲེལ་དྲ་རྒྱ་དང་ལྟ་སྐུལ་དོ་དམ་གཏིང་ཟབ་ཏུ་སྤེལ། ཁེ་ལས་ཀྱི་ཞུ་གཏུག་ཡར་ཞུ་དང་ཁེ་དབང་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚོང་རར་ཞུགས་ཆོག་པའི་ཚད་གཞི་དང་ཚོང་རའི་གཙོ་གཞི་སྐྱེད་སྲིང་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། དངུལ་བསྲེས་ལམ་བུ་རྒྱུན་མཐུད་ངང་རྒྱ་སྐྱེད་པ། ཁེ་ལས་ཀྱི་ས་ཞིང་བཀོལ་སྤྱོད་མ་རྩ་ཇེ་དམའ་རུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཀྱི་དོ་དམ་དང་ཚན་རྩལ་གསར་སྐྲུན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེར་བཏང་།

རིན་ཆེན་མཚོས་བསྒྱུར།