གསང་རི་མ་ཡུལ་ཚོའི་ལོ་ངོ་བཅུའི་འཕེལ་རྒྱས་ཀྱི་ལམ་བུ།
2022.07.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

 ——མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབ་བྱས་ཏེ་མང་ཚོགས་ལ་ཁེ་ཕན་བསྐྲུན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁའི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་ཏེ། ཡུལ་ཚོའི་མང་ཚོགས་རྣམས་ལ་ཐོན་ལས་དར་རྒྱས་ཀྱི་ལམ་བུ་རྒྱ་ཆེར་ཕྱེས་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་འབྲོག་ཁུལ་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཛེས་སྡུག་གསང་རི་མ་ཡུལ་ཚོ་འཛུགས་སྐྲུན་བྱེད་ཆེད། དར་ལག་རྫོང་གསང་རི་མ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་འབྲོག་ཁུལ་གྱི་སྐྱེ་ཁམས་རྒྱུ་སྤུས་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་ཇེ་མཐོར་བཏང་། དེའི་ངོས་ནས་གསང་རི་མ་ཡུལ་ཚོའི་སྲིད་གཞུང་གི་འགོ་གཙོ་ཚེ་དབང་ཐར་གྱིས་བཤད།

གསང་རི་མ་ཡུལ་ཚོ་ཡོངས་ལ་སྡེ་བ་བཞི་དང་ཁྱིམ་ཚང་དགུ་བརྒྱ་གོ་གསུམ་དང་མི་གྲངས་སྟོང་གསུམ་ལྔ་བརྒྱ་རེ་གཉིས་ཡོད་ལ། སྡེ་བ་བཞི་བོ་ཚང་མར་སྐྱེ་ཁམས་ཐོན་ལས་མཉམ་ལས་ཁང་བཙུགས་ཡོད། སྡེ་བ་དེ་དག་གི་ལོ་ཧྲིལ་བོའི་ཡོང་འབབ་ཕལ་ཆེར་སྒོར་འབུམ་གཉིས་དང་ཁྲི་གཅིག་ཡས་མས་རེད། མཉམ་ལས་ཁང་དེ་དག་གིས་སྡེ་བའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་དག་ཕྱུགས་རྫི་དང་འབྲི་བཞོ་བ་སོགས་ཀྱི་ལས་རྐང་སྟེང་བཀོད་སྒྲིག་བྱས་ཡོད་ཅིང་། དེ་ལྟར་བྱས་ན་མང་ཚོགས་དེ་དག་གི་ཡོང་འབབ་ལོ་གཅིག་ལ་ཧ་ལམ་སྒོར་ཁྲི་གསུམ་གྱི་ཡན་ལ་འབུད་ཐུབ། གཞན་མ་རྐང་འཇོག་མཁན་གྱི་མང་ཚོགས་ཚོའི་ཡོང་འབབ་ནི་མ་རྐང་བཞག་པའི་མང་ཉུང་ལྟར་དུ་བགོ་བྱ་རྒྱག་གིན་འདུག  གསང་རི་མ་ཡུལ་ཚོ་ལྟོས་རི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐུ་རྒྱལ་གྱིས་བཤད།

གསང་རི་མ་ཡུལ་ཚོས་གཟན་རྩྭ་འདེབས་པ་དང་ས་ནག་ཐང་བཅོས་སྐྱོང་གཉིས་ཟུང་འབྲེལ་བྱས་ཏེ། སྡེ་བ་སོ་སོའི་ས་ནག་ཐང་ལྗང་སྒྱུར་གྱི་བྱ་བ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཁོ་ཚོས་ལོ་ངོ་དུ་མའི་རིང་གི་ཉམས་མྱོང་ལ་གཞིགས་ན། ས་བབ་མཐོ་བའི་ཡུལ་ཚོ་འདི་རུ་ས་གནས་གཞན་གྱི་གཟན་རྩྭ་འདེབས་པའི་ཐབས་ལམ་དེ་དག་དེ་ཙམ་འཕྲོད་པོ་མེད་པས། དཔྱིད་ཀ་སྔོ་རྩྭ་སྐྱེས་དུས་སུ་ཕྱུགས་ཟོག་གཟན་རྩྭ་བཏབ་པའི་སྤང་ཐོག་ཏུ་འགྲོ་རུ་མི་འཇུག་པ་དང་། རྩྭ་འདེབས་ཀྱི་ལས་ཀ་ཚར་ནས་གཟན་རྩྭ་སྐྱེས་རྗེས། དགུན་ཁར་ཐད་ཀར་ཕྱུགས་ཟོག་ལ་གཟན་རྩྭ་བཏབ་པའི་སྤང་ཐོག་ཏུ་རྩྭ་ཟ་རུ་བཅུག་ན། དགུན་ཁ་ཧྲིལ་བོའི་རྩྭ་ས་མི་འདང་པའི་དཀའ་ངལ་ཡོངས་སུ་ཐག་གིས་གཅོད་ཐུབ། གསང་རི་མ་ཡུལ་ཚོ་ལྟོས་རི་སྡེ་བའི་ཏང་ཡོན་སྒྲོལ་འབུམ་བཤད།

གསང་རི་མ་ཡུལ་ཚོས་ད་ལོ་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་གི་འགྲོ་གྲོན་བཀོལ་ནས། ཡུལ་ཚོ་སྤྱིའི་མཉམ་ལས་ཁང་ཞིག་བཙུགས་ཤིང་། མཉམ་ལས་ཁང་དེའི་ནང་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ནོར་རྒྱ་རྒྱ་རོག་རོག་རྒྱུད་སྤེལ་བྱེད་འཆར་ཡིན་པ་དང་། ཟླ་ངོ་གཅིག་པུ་འདིའི་རིང་ལ་ཡུལ་ཚོའི་མཐའ་འཁོར་གྱི་ས་ནག་ཐང་ས་མུའུ་ཁྲི་གསུམ་ཡས་མས་ལ་གཟན་རྩྭ་བཏབ་རྗེས། གཟན་རྩྭ་དེ་ནོར་ནག་སྟོང་ལས་བརྒལ་བའི་གསོ་སྤེལ་རྟེན་གཞི་ཞེས་པའི་མཉམ་ལས་ཁང་གི་སྒོ་ཕྱུགས་ཀྱི་གཟན་ཆས་བྱེད་རྩིས་རེད།  སྡེ་བ་བཞིའི་སྤྱི་མཐུན་གྱི་མཉམ་ལས་ཁང་དེ་ཡུལ་ཚོ་སྲིད་གཞུང་གིས་དོ་དམ་བྱེད་པ་དང་། ཡོང་སྒོའི་བརྒྱ་ཆའི་དྲུག་བཅུ་སྡེ་བ་སྤྱིའི་རྩྭ་སྲུང་དང་ནགས་སྲུང་སོགས་སྤྱི་ཕན་རང་བཞིན་གྱི་ལས་རྐང་སྟེང་ལ་བཀོལ་རྩིས་རེད་ལ། བརྒྱ་ཆའི་ཉི་ཤུ་མཉམ་ལས་ཁང་གི་འཁོར་བསྐྱོད་ཐད་བཀོལ་པ་དང་། བརྒྱ་ཆའི་ཉི་ཤུ་དཀའ་ཁག་ཅན་གྱི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཐོག་བཀོལ་འཆར་འདུག

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོས་ལོ་ངོ་བཅུ་ཕྲག་གི་རིང་ལ། ཏང་གི་སྲིད་ཇུས་སྣ་ཚོགས་དངོས་འབེབ་དོན་འཁྱོལ་བྱས་ཏེ། སྡེ་བ་སོ་སོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཁྱིམ་ཚང་སོ་སོའི་འཚོ་གནས་ཀྱི་དཀའ་ངལ་སྣ་ཚོགས་ཐག་གིས་བཅད་ནས། ད་ལྟ་འབྱོར་འབྲིང་གི་ལམ་ན་དུས་རབས་གསར་བའི་དགའ་བདེའི་དཔལ་ལ་རོལ་བཞིན། ཁྱད་དུ་མཚར་བའི་ལོ་ངོ་བཅུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཟེངས་སུ་བཏེགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་འཚོག་པར་སྤྲོ་བས་བསུ་བཞིན་གདའ།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

དོ་དམ་པ། བསོད་ནམས་དོན་གྲུབ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།