རྨ་ཆུའི་བཞུར་རྒྱུད་གྲོང་ཁྱེར་གྱི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་སྦྲེལ་མཐུད་གྲོས་ཚོགས་ཟི་ལིང་དུ་བསྡུས།
2022.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན། ཧྲན་ཏུང་ཞིང་ཆེན་ཚན་རྩལ་ཐིན་བཅས་ཀྱིས་མཉམ་དུ་མཛུབ་ཁྲིད་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཚན་རྩལ་ཅུའུ་དང་རྨ་ཆུའི་ཚན་རྩལ་གསར་སྐྲུན་མནའ་འབྲེལ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་རྨ་ཆུའི་བཞུར་རྒྱུད་གྲོང་ཁྱེར་གྱི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་སྦྲེལ་མཐུད་གྲོས་ཚོགས་དང་ཀྲུང་གོའི་ལག་རྩལ་བཟང་བོའི་རྨ་ཆུའི་བཞུར་རྒྱུད་ཀྱི་ཆེད་དོན་སྒྲོག་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཐེངས་འདིའི་སྦྲེལ་མཐུད་གྲོས་ཚོགས་ཀྱིས་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་གྲོང་ཁྱེར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བྱས་ནས། ཧྲན་ཏུང་དང་ཁྲིན་ཏུའུ། ཞི་ཨན། ལན་ཀྲིག དབྱིན་ཁྲོན། ཝུའུ་ལུའུ་མུའུ་ཆི་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་སྡེ་ཁག་གདན་ཞུ་བྱས་ནས་མཉམ་དུ་བསྒྲུབས་པ་དང་། གཙོ་བོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཚྭ་མཚོ་རྫས་འགྱུར་བཟོ་ལས། རྒྱུ་ཆས་གསར་བ། སྐྱེ་དངོས་གསོ་རིག་སྨན་རྫས། ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ལ་དམིགས་ཏེ། ལག་རྩལ་དང་འཇོན་མིའི་དགོས་མཁོ་ཁྱབ་བསྒྲགས་བྱས་པ་དང་། ཕུལ་བྱུང་ཚན་རྩལ་གྲུབ་འབྲས་འཁྲབ་སྟོན་སོགས་བྱ་འགུལ་སྤེལ། རྨ་ཆུའི་བཞུར་རྒྱུད་ཀྱི་ཕུལ་བྱུང་ཚན་རྩལ་གྲུབ་འབྲས་བརྒྱ་དང་གྱ་གཅིག་བསྡུ་རུབ་དང་ཁྱབ་བསྒྲགས་བྱས་པ་དང་། རང་ས་ཁུལ་གྱི་དག་གཙང་ནུས་ཁུངས་དང་ཚྭ་མཚོའི་ཐོན་ཁུངས། སྔོན་ཐོན་བཟོ་སྐྲུན། ལིས་གློག རྒྱུ་ཆས་གསར་བ། ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་དགོས་མཁོ་ཉེར་གཅིག་དང་འཇོན་མིའི་དགོས་མཁོ་བཅུ་བཞི་སྔོག་འདོན་དང་གདམ་གསེས། ཁྱབ་བསྒྲགས་བྱས་ལ། ཚན་རྩལ་མཉམ་ལས་དང་གྲུབ་འབྲས་ཚུལ་སྒྱུར་ལས་གཞི་བཅུ་གསུམ་ལ་སྐུལ་འདེད་བཏང་།

སྦྲེལ་མཐུད་གྲོས་ཚོགས་སྐབས་སུ། ད་དུང་ཀྲུང་གོའི་ལག་རྩལ་བཟང་བོའི་རྨ་ཆུའི་བཞུར་རྒྱུད་ཀྱི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གོའི་་ཐོན་སྐྱེད་ནུས་ཤུགས་སྐུལ་སྤེལ་ལྟེ་གནས་མཐུན་ཚོགས་ཀྱི་དྲ་ཐོག་ནས་ལག་རྩལ་སྣ་བཅུ་ཁྱབ་བསྒྲགས་བྱས་པ་དང་། དེ་ཁོར་ཡུག་སྲུང་སྐྱོབ་དང་སྔོན་ཐོན་བཟོ་སྐྲུན། རྒྱུ་ཆས་བཟོ་སྐྲུན་གསར་བ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།

རིན་ཆེན་མཚོས་བསྒྱུར།