མཚོ་སྔོན་ཞིང་ཆེན་གྱི་མཐོ་གྲང་སྐྱེ་དངོས་གླེང་སྟེགས་སྐབས་དང་པོ་ཟི་ལིང་དུ་བསྡུས།
2022.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་སློབ་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དང་ཆིན་ཧྭ་སློབ་ཆེན་ཕྲ་ཕུང་ཚོད་ལྟ་ཁང་གཉིས་ཀྱིས་ཐོག་མར་ཧྲང་ཧེ་ཚན་རྩལ་སློབ་ཆེན་རྙིང་ཚབ་གསར་བྱེད་ཕྲ་ཕུང་ཚོད་ལྟ་ཁང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རྩལ་ཞིབ་འཇུག་མི་སྣ་དང་མཉམ་འབྲེལ་སྒོས་བསྡུས་པའི་མཚོ་སྔོན་གྱི་མཐོ་གྲང་སྐྱེ་ཁམས་གླེང་སྟེགས་སྐབས་དང་པོ་ཟི་ལིང་དུ་བསྡུས་པ་དང་། འབྲེལ་ཡོད་ཆེད་མཁས་པ་དང་རིག་གནས་པ་བརྒྱ་ལྷག་ཡུལ་དངོས་དྲ་ཐོག་གི་རྣམ་པ་བརྒྱུད་དེ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། གླེང་སྟེགས་ཀྱིས་ཐོན་ཁུངས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དམིགས་འབེན་དུ་བྱས་ནས། བརྗོད་དོན་སྙན་ཞུ་གསུམ་དང་ཆེད་དོན་སྙན་ཞུ་བརྒྱད་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་བཙུགས་པའི་ཚུན་དུ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཁུལ་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་ལ་དམ་དུ་དམིགས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་མཐོ་སྒང་གི་ཞིང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་ཚན་རིག་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་ཐག་བཅད་པས། མཐོ་གྲང་གི་སྐྱེ་དངོས་རིག་པའི་རྨང་གཞི་ཞིབ་འཇུག་དང་རྒྱུན་སྤྱོད་ཞིབ་འཇུག་དང་སློབ་ཁྲིད་སོགས་ཕྱོགས་ནས་ཡུན་རིང་གི་ཡར་ཐོན་དང་མཆོང་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས།

གླེང་སྟེགས་སྟེང་། ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུས་ལི་དང་ཧྲང་ཧེ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའུ་ཅི་ལུང་། མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་པ་ཝང་ཅན་དང་ཚོད་ལྟ་ཁང་སོ་སོའི་འབྲེལ་ཡོད་ཆེད་མཁས་པ་དང་རིག་གནས་པ་བཅས་ཀྱིས། ཚོད་ལྟ་ཁང་གི་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་ཆེས་གསར་བ་འགྲེམ་སྟོན་བྱས་པ་དང་། ཚན་རྩལ་ཞིབ་འཇུག་བྱ་བའི་ཉམས་མྱོང་མཉམ་སྤྱོད་བྱས། གླེང་སྟེགས་བརྗེ་རེས་དང་སློབ་སྦྱོང་བརྒྱུད་དེ། ཚོད་ལྟ་ཁང་བར་གྱི་ཕན་ཚུན་རྒྱུས་ལོན་ཇེ་ཟབ་ཏུ་བཏང་བ་དང་། མཉམ་ལས་ཀྱི་ཐུན་མོང་ལྟ་བ་བྱུང་ནས། མཐོ་སྒང་གི་ཞིང་ཕྱུགས་ལས་གསར་སྐྲུན་འཕེལ་རྒྱས་ཐད་ནས་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པར་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།