མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་ཕྱོགས་བསྡུས་གདེང་འཇོག་བྱས།
2022.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཁུལ་སོ་སོའི་ལས་གཞི་དམ་འཛིན་བྱེད་པ་དང་དངུལ་གཏོང་གཏན་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་གཞི་རྩ་ཇེ་བརྟན་དུ་གཏོང་བ་བཅས་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གཞི་མཛོད་གལ་ཆེན་ལ་རྒྱབ་རྟེན་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ནས་ལྟ་ཞིབ་དབྱེ་ཞིབ་དང་གདེང་འཇོག་བྱས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གཏོང་ཚད་དང་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་ཡོངས་འགྲུབ་ཚད། ལས་གཞི་འཛུགས་སྐྲུན་ཚད་སོགས་དམིགས་ཚད་གཙོ་བོའི་ཞིབ་རྩིས་དབྱེ་ཞིབ་ལ་ཟུང་འབྲེལ་བྱས་ཏེ། 2021ལོའི་ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ཚད་བརྒྱ་ཆའི་གོ་དགུ་ལྷག་ལ་སླེབས་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་ཡོངས་འགྲུབ་ཚད་བརྒྱ་ཆའི་ལྔ་བཅུ་ལྷག་ལ་སླེབས་ལ། ལས་གཞི་ལག་བསྟར་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་གསུམ་ལ་སླེབས།

ཡན་ལག་ས་ཁུལ་གྱི་གདེང་འཇོག་གྲུབ་འབྲས་ལས་བལྟས་ན། ས་ཆ་སོ་སོའི་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གཏོང་ཚད་དང་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་ཡོངས་འགྲུབ་ཚད། ལས་གཞི་ལག་བསྟར་ཚད་བཅས་ཀྱི་དམིགས་ཚད་ཅུང་བཟང་བ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་གདེང་འཇོག་གྱི་མིང་གྲངས་གནས་ཚུལ་གྲོང་ཁྱེར་དང་ཁུལ་སོ་སོའི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་འགྲེམ་སྤེལ་བྱས་པ་མ་ཟད། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ལ་བཤུ་སྐྱེལ་བྱས་ཏེ། གདེང་འཇོག་གི་གྲུབ་འབྲས་བཀོལ་སྤྱོད་བྱེད་པ་དང་གཞི་གྲངས་བཀོད་འབུལ་ཞིབ་བཤེར་བྱེད་པ། ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད་བྱེད་པ་བཅས་དམ་འཛིན་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་དགེ་མཚན་འདོན་སྤེལ་བྱེད་པ། དུས་ཐོག་ཏུ་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པ་དང་། དུས་བཀག་ལྟར་ལག་བསྟར་དམ་འཛིན་བྱས་ཏེ། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་སྔ་མོ་ནས་ལེགས་འགྲུབ་བྱེད་པ་དང་སྔ་མོ་ནས་ལག་བསྟར་བྱེད་པ། སྔ་མོ་ནས་ཕན་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུའི་རེ་བ་བཏོན།

གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ལས་གཞིའི་བཀོད་གཏོང་ཞབས་ཞུ་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞིའི་འགོ་མཇུག་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་དང་མ་དངུལ་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་གཏོང་རྒྱུའི་སྐུལ་འདེད་བཏང་། དེ་དང་མཉམ་དུ། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དུས་ཐོག་ཏུ་དངུལ་གཏོང་འཆར་གཞི་དབྱེ་ཕྲལ་ཁྱབ་བསྒྲགས་བྱས་པ་དང་། ལས་གཞིའི་ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཤིང་། དངུལ་གཏོང་འཆར་གཞི་མྱུར་དུ་ལག་བསྟར་བྱས་པ་དང་། ལས་གཞིའི་སྔོན་དུས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། ལས་གཞི་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ལས་གཞི་འཆར་འགོད་དམ་འཛིན་བྱས་ཏེ། འཛུགས་སྐྲུན་དང་ཡོངས་འགྲུབ། ཉར་གསོག་གི་འཁོར་རྒྱུག་བཟང་བོ་གྲུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།