མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ།
2022.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་གཞི་གཙོ་བོ་བྱས་ཏེ། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ།

མིག་སྔར། གསར་འགོད་པས་ཞིང་ཆེན་ཚན་རྩལ་ཐིན་ནས་ཤེས་པའི་གནས་ཚུལ་ལྟར་ན། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རེ་ཞུ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ཆོག་མཆན་བཀོད། བླང་བྱ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་སྐབས། བརྟན་ཐོག་ཡར་འཕེལ་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་རྒྱལ་ཁབ་བར་གྱི་ཇུས་གཞི་དངོས་འབེབས་བྱེད་པ་དང་དམ་པོར་སྦྲེལ་དགོས་ལ། ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཇུས་གཞི་དངོས་འབེབས་བྱེད་པའི་བླང་བྱ་ལྟར། སྐྱེ་ཁམས་ཀྱི་རྨང་གཞི་ཞན་པ་དང་སྐྱེ་ཁམས་སྲུང་སྐྱོབ་འཐབ་ཇུས་ཀྱི་དགོས་མཁོའི་འགལ་བ་འབུར་ཐོན་ཡིན་པ་དང་ཐོན་ལས་ཀྱི་རྨང་གཞི་ཞན་པ་དང་དམངས་ཚིས་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པའི་དགོས་མཁོའི་འགལ་བ་འབུར་ཐོན་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་ཀྱི་ལག་རྩལ་བཀོལ་སྤྱོད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་མཐོར་འདེགས་སུ་གཏོང་བ་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། དཔལ་འབྱོར་གྱི་འཕར་ས་གསར་བ་གསོ་སྐྱོང་བྱེད་པ། སྐྱེ་ཁམས་རིག་གནས་གནས་སྐོར་གྱིས་དམངས་ལ་ཕན་ཁེ་བསྐྲུན་པ། ཚན་རྩལ་གསར་སྐྲུན་འདེགས་ཤུགས་སོགས་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་པར་མ་ཟད། རིགས་སོ་སོའི་གསར་སྐྲུན་ཐོན་ཁུངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་མྱུར་དུ་མངོན་འགྱུར་བྱེད་པ། ལག་རྩལ་ལམ་ཕྱོགས་བཀོལ་སྤྱོད་དང་གོ་རིམ་ལྡན་པར་ཐག་གཅོད་པའི་ཇུས་གཞི་འཚོལ་ཞིབ་བྱས་ཏེ། ལག་བསྟར་བྱེད་ཆོག་པ་དང་འདྲ་བཟོ་བྱེད་ཆོག་པ། ཁྱབ་གདལ་བྱེད་ཆོག་པའི་ནུས་ལྡན་དཔེ་མཚོན་ཆགས་པར་བྱེད་པ་དང་། དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་། སྐྱེ་ཁམས་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ལ་ནུས་པ་ཐོན་པར་བྱས་ནས། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱེད་པར་ལག་ལེན་གྱི་ཉམས་མྱོང་འདོན་སྤྲོད་བྱེད་དགོས།

དེ་དང་མཉམ་དུ། མཆན་བཀོད་བཀོད་པ་ལས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་སྟེ་ཆེད་དོན་རྒྱབ་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་ནས། ལག་བསྟར་མཉམ་ཤུགས་ཆགས་པར་བྱེད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འགུལ་སྐྱོད་དང་བཟོ་སྐྲུན་སྣ་ཚོགས་ཁྱོན་ཡོངས་ནས་དངོས་འབེབས་དང་ལག་བསྟར་བཟང་བོ་བྱེད་པར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས། ཚན་རྩལ་པུའུ་ཡིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་མཉམ་འབྲེལ་བྱེད་པ་དང་། རང་རང་གི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། ལས་གཞི་གལ་ཆེན་བཀོད་སྒྲིག་བྱེད་པ་དང་། སྲིད་ཇུས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་སོགས་ཕྱོགས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། དུས་ཐོག་ཏུ་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་དགོས།

                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།