མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཚང་སློབ་གསོའི་ལོ་ལྔའི་འཆར་འགོད་གཏན་འཁེལ་བྱས།
2022.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་པའི་གནས་ཚུལ་ལྟར་ན། ཉེ་ལམ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བཅུ་གཅིག་གིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ཁྱིམ་ཚང་སློབ་གསོར་མཛུབ་སྟོན་དང་ཡར་སྐུལ་བྱེད་པའི་ལོ་ལྔའི་འཆར་འགོད་གཏན་འཁེལ་བྱས། འཆར་འགོད་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱིམ་ཚང་གི་ཁྱིམ་སློབ་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཡིད་འཇོག་བྱེད་པའི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་བ་དང་རེ་སྒུག་གསར་བར་རྐང་བཙུགས་ཤིང་། ཁྱིམ་བདག་གིས་སེམས་ཁུར་བྱེད་པ་དང་སྤྱི་ཚོགས་ཀྱིས་ཡིད་འཇོག་བྱེད་པའི་དཀའ་གནད་གནད་དོན་གཅིག་སྡུད་བྱས་ནས། ཀུན་སྤྱོད་བཟང་བའི་མི་སྐྱེད་སྲིང་བྱེད་པའི་གཞི་རྩའི་ལས་འགན་དང་ལེན་བྱེད་པ་དང་ཁྱིམ་ཚང་སློབ་གསོའི་སྤྱི་ཐུན་ཞབས་ཞུའི་འདོན་སྤྲོད་ཕུན་སུམ་ཚོགས་པར་གཏོང་བ། ཆེད་ལས་ཅན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱི་མཉམ་དུ་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་སུ་དམིགས་འབེན་ལས་འགན་དང་གསར་སྐྲུན་བྱེད་ཐབས་གསར་བ་བཏོན་ཡོད།

འཆར་འགོད་ལས། ཁྱིམ་ཚང་སློབ་གསོའི་ལས་དོན་དེ་ཁྲིམས་སྐྱོང་ཅན་དང་ཆེད་ལས་ཅན། གྲངས་འཛིན་ཅན། སྤྱི་ཚོགས་ཅན་ལ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཁྱིམ་ཚང་སློབ་གསོས་ཀུན་སྤྱོད་བཟང་བའི་མི་སྐྱེད་སྲིང་བྱེད་པའི་འདུ་ཤེས་ཆགས་སུ་འཇུག་དགོས་ལ། ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་རིགས་སོ་སོའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་གཡུལ་སའི་གཞི་ཁྱོན་ཇེ་ཆེ་དང་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་གཏོང་བ།  བརྟན་འཇགས་དང་ཚད་ལྡན་ཡིན་པའི་ཆེད་ལས་ཀྱི་མཛུབ་སྟོན་ཞབས་ཞུའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། སྤྱི་ཐུན་ཞབས་ཞུའི་ཐོན་ཁུངས་འདོན་སྤྲོད་གང་ལེགས་བྱེད་པ། གྲོང་གསེབ་ལ་ཁེབས་པ་དང་འདྲ་མཉམ་སྤུས་ལེགས། དོ་མཉམ་འཕེལ་རྒྱས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་མཉམ་དུ་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད།

འཆར་འགོད་ལས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ནོར་སྲིད་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་དང་ཁ་གསབ་བྱེད་པའི་ཁྱིམ་ཚང་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་ཆགས་པར་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ལག་བསྟར་བྱེད་ཆོག་པའི་ཁྱིམ་ཚང་སློབ་གསོའི་བྱ་བའི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱེད་པ་དང་། ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་ལྟེ་གནས་འཛུགས་པར་མ་ཟད། ཁྱིམ་བདག་དང་སློབ་གྲྭ་དང་གྲོང་གསེབ་དང་སྡེ་ཁུལ་གྱི་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས། བུད་མེད་ཁྱིམ་ཚང་། བྱིས་པའི་ཁྱིམ་ཚང་སོགས་སུ་ཁྱིམ་ཚང་སློབ་གསོའི་ཞབས་ཞུ་ས་ཚིགས་བཙུགས་ནས། ཁྱིམ་ཚང་སློབ་གསོའི་བྱ་འགུལ་སྤེལ་བར་མ་ཟད། དུས་ཐོག་ཏུ་ས་གནས་དང་ལས་ཁུངས་ཀྱིས་འཆར་འགོད་ལག་བསྟར་དང་ཁྱིམ་ཚང་སློབ་གསོར་མཛུབ་སྟོན་དང་སྐུལ་འདེད་གཏོང་བའི་དཔེ་མཚོན་ཉམས་མྱོང་སྤྱི་བསྡོམས་དང་ཁྱབ་གདལ་དུ་བཏང་ནས་དཔེ་སྟོན་གྱི་ནུས་པ་འདོན་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད།

                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།