ཡུས་ཧྲུའུ་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་ལ་སྐུལ་འདེད་བཏང་།
2022.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འགོག་ར་སྲ་བརྟན་དུ་གཏོང་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མིག་སྔར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་རྩ་འཛུགས་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་ལས་གཞི་ལ་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞིའི་རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་བཟོ་སྐྲུན་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཉིས་སྟོང་ཉེར་གཉིས་ལོར་ལག་བསྟར་བྱེད་པའི་ནགས་རྩྭའི་ལས་གཞི་གཙོ་བོ་ཡིན་པ་དང་བསྡོམས་པས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་དྲུག་བཏང་། ལས་གཞིའི་འཛུགས་སྐྲུན་ཁྲོད་གཙོ་བོར་སྨི་འབུམ་གསུམ་ལ་ར་སྐོར་ནས་གསོ་སྐྱོང་བྱེད་པ་དང་རྩྭ་ས་ཞན་འགྱུར་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གསུམ་སུམ་བརྒྱ་ལེགས་སྒྱུར་བྱེད་པ། ས་ནག་སྤྱི་ཆིངས་དྲུག་བརྒྱ་བཅོས་སྐྱོང་བྱེད་པ། སྤྱི་ཆིངས་དྲུག་བརྒྱའི་དུག་རྩྭ་བཅོས་སྐྱོང་བྱེད་པ་བཅས་འདུས།

ཁུལ་ཁུངས་གཙོ་བོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་དུས་ལྟར་ལས་མགོ་རྩོམ་པར་འགན་སྲུང་བྱེད་ཆེད། ཨར་ལས་ལས་ཁུངས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞིའི་ས་ཁུལ་དུ་འགྲོ་སྐབས་འབྲེལ་ཡོད་སྡེ་ཁག་གིས་ལས་བཟོ་མི་སྣ་རྩ་འཛུགས་དང་བཀོད་སྒྲིག་བྱས་ཏེ་ཡུལ་དངོས་ནས་ཨར་ལས་ས་ཁུལ་དུ་མཐུན་སྦྱོར་བཀོད་སྒྲིག་བྱས་པ་དང་། ཨར་ལས་པ་དང་འཕྲུལ་ཆས་ལ་རྩིས་བཤེར་བྱས་པ་དང་བདེ་འཇགས་ཐོན་སྐྱེད་དང་རིམས་ནད་འགོག་སྡོམ་ཤེས་བྱ་འགྲེལ་ཀློག་བྱེད་པ། ལས་ཀའི་ལག་རྩལ་གཙོ་བོ་སོགས་འབྲེལ་ཡོད་བྱ་བ་གསོ་སྦྱོང་བྱས། ད་ལྟའི་བར་དུ་ཁུལ་ཁོངས་གཙོ་བོར་རྩྭ་འདེབས་པ་དང་དུག་རྩྭ་བཅོས་སྐྱོང་སོགས་ཀྱི་ལས་ཀ་མགོ་བརྩམས་པ་ལས་གཞན་ནགས་རྩྭ་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣས་ལས་གཞི་བཤེར་ཞིབ་ཚད་གཞི་དང་གོ་རིམ། ལས་གཞིའི་ལས་བྱའི་ཇུས་འགོད་ཀྱི་བླངས་བྱ་ལྟར་སྐོར་ཞིབ་ཞིབ་བཤེར་དང་ལག་རྩལ་འཛུབ་སྟོན། ལྟ་ཞིབ་ཚད་ལེན། གཞི་གྲངས་ཐོ་འགོད་བཅས་ཀྱི་བྱ་བ་བསྒྲུབས་པ་དང་། ལས་གཞིའི་ས་ཁུལ་སོ་སོའི་སྐྱེ་ཁམས་སླར་གསོའི་ཐད་ཀྱི་གནད་དོན་ཐག་བཅད་པར་མ་ཟད། ལས་གཞི་ལག་བསྟར་བྱེད་པའི་སྤུས་ཚད་ལ་ཁག་ཐེག་བྱས།

མི་ཕམ་མགོན་པོས་བསྒྱུར།