ཡུས་ཧྲུའུ་ཁུལ་གྱིས་རྟེན་མཛོད་གླིང་གྲོང་རྡལ་འཛུགས་སྐྲུན་བྱེད་འགོ་བརྩམས།
2022.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྟེན་མཛོད་གླིང་གྲོང་རྡལ་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་མཛད་སྒོ་ཡུས་ཧྲུའུ་ཁུལ་རྟེན་མཛོད་གླིང་དུ་བསྡུས། ལས་གཞི་ཡིས་རྟེན་མཛོད་གླིང་གྲོང་རྡལ་འཛུགས་སྐྲུན་བྱེད་པ་བྱེད་ཐབས་སུ་བྱེད་པ་དང་། ཡུས་ཧྲུའུ་རྟེན་མཛོད་གླིང་ལས་དོན་བཅོས་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། ཡུས་ཧྲུའུ་གྲོང་ཁྱེར་གསར་བསྒྱུར་བྱེད་པར་རོགས་འདེགས་བྱེད་པ། སྐྱེ་ཁམས་དང་རིག་གནས་མཉམ་བསྲེས་དང་རིག་གནས་དང་གནས་སྐོར་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། ཁུལ་ཁོངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

རྟེན་མཛོད་གླིང་ནི་གྲོང་ཁྱེར་གྱི་མཚོན་རྟགས་ཡིན་པ་དང་། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་མངོན་པ་དང་། གྲོང་ཁྱེར་གྱི་མཉེན་ཤུགས་ཀྱི་ཁྱད་ཆོས་ཀྱང་ཡིན། ཡུས་ཧྲུའུ་ནི་རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ཡིན་པ་དང་། རང་བྱུང་སྐྱེ་ཁམས་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཐོན་ཁུངས། མི་རིགས་དམངས་སྲོལ་རིག་དངོས་ཐོན་ཁུངས། གཟུགས་འདས་རིག་གནས་ཤུལ་བཞག་ཐོན་ཁུངས་བཅས་ཕུན་སུམ་ཚོགས་ལ། གྲངས་ཀ་ཆེས་མང་པའི་རིགས་མི་འདྲ་བའི་དམངས་ཁྲོད་ཀྱི་རྟེན་མཛོད་གླིང་གསོ་སྐྱོང་བྱས་ནས། རྟེན་མཛོད་གླིང་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས། འཛུགས་སྐྲུན་བྱེད་འགོ་རྩོམ་པའི་མཛད་སྒོའི་སྟེང་། ཡུས་ཧྲུའུ་ཁུལ་གྱིས་རྟེན་མཛོད་གླིང་གྲོང་རྡལ་གྱི་ཆེད་མཁས་པའི་མཛོད་བཙུགས་པ་དང་། རྟེན་མཛོད་གླིང་དང་རིག་གནས་ཞིབ་འཇུག རིག་གནས་གནས་སྐོར་མཉམ་བསྲེས། མཁར་གྲོང་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་ཞུ་བྱས་ནས་འཕེལ་རྒྱས་བློ་འདྲི་བར་བསྐོས།

ཡུས་ཧྲུའུ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་གཙོ་བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། རྟེན་མཛོད་གླིང་འཛུགས་སྐྲུན་བྱེད་པ་ནི་སྣང་བརྙན་གསུམ་བསྐྲུན་པ་དང་། ཁུལ་དྲུག་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལག་བསྟར་བྱེད་པའི་ཤུགས་ཡོད་བྱེད་ཐབས་ཡིན་པས། རིག་གནས་དང་གྲོང་ཁྱེར་མཉམ་བསྲེས་དང་། རིག་གནས་དང་གནས་སྐོར་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡུས་ཧྲུའུ་ཡི་རིག་དངོས་དང་རིག་གནས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་ངེས། ཡུས་ཧྲུའུ་ཡིས་རིག་དངོས་དང་རིག་གནས། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཐད་ཤུགས་སྣོན་པ་དང་། ཡུས་ཧྲུའུ་ཁུལ་གྱི་རྟེན་མཛོད་གླིང་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པ། སྤུས་ལེགས་རྟེན་མཛོད་གླིང་འོས་འཚམ་སྒོས་འཛུགས་སྐྲུན་བྱེད་པ། ཁྱད་ཆོས་ལྡན་པའི་ཆེད་དོན་རྟེན་མཛོད་གླིང་མཐོར་འདེགས་གཏོང་བ། དམངས་ཁྲོད་ཀྱི་རྟེན་མཛོད་གླིང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རིམ་པ་མི་འདྲ་བའི་རྟེན་མཛོད་གླིང་མཉམ་བསྲེས་བྱེད་པ་དང་རིགས་སྣ་མི་འདྲ་བའི་རྟེན་མཛོད་གླིང་བར་ཕན་ཚུན་སྐུལ་འདེད་གཏོང་བ་དང་། ངོ་བོ་མི་འདྲ་བའི་རྟེན་མཛོད་གླིང་བར་བརྗེ་རེས་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱས་ཏེ། རྟེན་མཛོད་གླིང་གྲོང་རྡལ་འཛུགས་སྐྲུན་གྱི་དཔེ་མཚོན་བསྐྲུན་རྒྱུ་ཡིན།

ཡུས་ཧྲུའུ་ཁུལ་གྱིས་རྟེན་མཛོད་གླིང་གྲོང་རྡལ་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བརྩི་བ་དང་། རྒྱལ་ནང་གི་རྩེར་སོན་པའི་མཐོ་སྒང་གི་རིག་གནས་རྟེན་མཛོད་གླིང་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་བྱས་ནས། གཙང་གསུམ་འགོ་ཁུངས་ཡུས་ཧྲུའུ་ཡི་རིག་གནས་ཤན་ཤུགས་དང་རྒྱུན་འཛིན་གསར་སྐྲུན་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།