རྫ་སྟོད་རྫོང་གིས་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་ཟླ་བའི་བྱ་འགུལ་སྤེལ་འགོ་བརྩམས།
2022.07.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་དང་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་བསྒྲུབས་བྱས་པའི་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་ཟླ་བའི་བྱ་འགུལ་རྫ་སྟོད་རྫོང་དུ་སྤེལ་འགོ་བརྩམས། ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་ས་ཁུལ་འཛུགས་སྐྲུན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། རྫ་སྟོད་རྫོང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་བླངས་པའི་གྲུབ་འབྲས་མངོན་པར་བྱེད་རྒྱུ་དེ་ཡིན།

བྱ་འགུལ་སྤེལ་བའི་མཛད་སྒོའི་སྟེང་། ཉིས་སྟོང་ཉེར་གཅིག་ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་དུ་བྱས་རྗེས་འབུར་ཐོན་བཞག་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར། ཉིས་སྟོང་བཅུ་དྲུག་ལོར་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཚུན་གྱི་ཆེས་མཛེས་པའི་སྐྱེ་ཁམས་དོ་དམ་པར་གཟེངས་བསྟོད་བྱས་པ་དང་། མཛད་སྒོ་མཇུག་རྫོགས་རྗེས། བྱ་འགུལ་ལ་ཞུགས་པའི་མི་སྣ་དང་སྐྱེ་ཁམས་དོ་དམ་པའི་འཐུས་མིས་སྐྱིད་གནམ་གཞུང་དུ་གཅིག་བསྡུས་སྒོས་སྐོར་ཞིབ་དང་གད་སྙིགས་གཙང་བཤེར་བྱ་འགུལ་སྤེལ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་པར་མ་ཟད། སྐྱེ་ཁམས་དོ་དམ་པ་རྩ་འཛུགས་བྱས་ཏེ་གད་སྙིགས་གཙང་བཤེར་དང་སྐོར་ཞིབ་དོ་དམ་སོགས་ཀྱི་བྱ་འགུལ་སྤེལ།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།