མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མུར་ལོ་བཅུ་བཞིའི་རིང་གྲོང་གསེབ་མ་མཐའི་འཚོ་བའི་ཚད་ཐིག་ཇེ་མཐོར་བཏང་།
2022.07.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་མཉམ་འབྲེལ་སྒོས་བརྡ་ཁྱབ་སྤེལ་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ཇེ་མཐོར་གཏོང་རྒྱུ་བྱས།

དེའི་ནང་། གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ཟླ་རེར་ཆ་སྙོམ་གྱིས་སྒོར་ཉེར་བརྒྱད་ཇེ་མཐོར་བཏང་ནས་ཟླ་རེར་སྒོར་བདུན་བརྒྱར་སླེབས་ཡོད། ཞིང་སྡེ་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ལོ་རེར་ཆ་སྙོམས་གྱིས་སྒོར་བཞི་བརྒྱ་གོ་གཉིས་ཇེ་མཐོར་བཏང་ནས་ལོ་རེར་སྒོར་ལྔ་སྟོང་དྲུག་བརྒྱ་དོན་དྲུག་ལ་སླེབས་ཡོད། འདི་ནི་རང་ཞིང་གིས་བསྟུད་མུར་ལོ་བཅུ་བཞིའི་རིང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ལེགས་སྒྲིག་ཇེ་མཐོར་བཏང་བ་དེ་ཡིན་ལ། གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་གསར་བ་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས།

དེ་དང་མཉམ་དུ། དམིགས་བསལ་དཀའ་ཁག་མི་སྣའི་འགན་སྲུང་ཚད་ཐིག་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་ཐིག་དང་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་སོགས་མཉམ་འབྲེལ་མཉམ་འགུལ་གྱི་རྐྱེན་སྲོལ་གཞིར་བཟུང་སྟེ། རང་ཞིང་གིས་དམིགས་བསལ་དཀའ་ཁག་མི་སྣའི་འགན་སྲུང་ཚད་ཐིག་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་ཐིག་ཀྱང་མཉམ་དུ་ཇེ་མཐོར་བཏང་།

རང་ཞིང་གི་ས་ཆ་སོ་སོའི་དམངས་སྲིད་དང་ནོར་སྲིད་སྡེ་ཁག་གིས་ཇེ་མཐོར་བཏང་རྗེས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དངུལ་དང་། དམིགས་བསལ་དཀའ་ཁག་མི་སྣ་དང་དྭ་ཕྲུག་གསོ་སྐྱོང་རོགས་དངུལ་དུས་ལྟར་ཁ་གསབ་བྱེད་རྒྱུ་ཡིན་ལ། རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་དཀའ་ཁག་ཅན་གྱི་མང་ཚོགས་དུས་ལྟར་འགན་སྲུང་ཁྱབ་ཁོངས་ནང་འཇོག་རྒྱུ་རེད།  དེ་མ་ཟད། བྱེད་ཐབས་སྣ་ཚོགས་སྤྱད་དེ་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་དམངས་ཕན་ལས་དོན་དང་དམངས་ཀྱི་དཀའ་སྡུག་སེལ་བའི་སྲིད་ཇུས་བྱེད་ཐབས་དུས་ལྟར་ཤེས་ཐུབ་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱིས་དམངས་སྲིད་ཁྱབ་ཁོངས་ཀྱི་དམངས་ཕན་སྲིད་ཇུས་ཤེས་ཚད་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་བཏང་སྟེ་སྤྱི་ཚོགས་རྣམ་པ་བཟང་པོ་བསྐྲུན་ཡོད།

                                                                                              རིག་འཛིན་སྒྲོལ་མས་བསྒྱུར།