ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཡུས་ཧྲུའུ་རུ་འཛུགས་མགོ་བརྩམས།
2022.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞི་མགོ་རྩོམ་མཛད་སྒོ་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་དུ་བསྡུས། རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་འདིར་ཁྱོན་སྡོམ་མ་དངུལ་དུང་ཕྱུར་གཉིས་བཀོལ་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཉིས་ཁྲི་ཆིག་སྟོང་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལས་གཞི་གཉིས་པ་རེད།

རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་ས་གནས་སྲིད་གཞུང་གིས་འཛུགས་སྐྲུན་གཙོ་གཉེར་དང་ཕྱིར་གཏོང་སྨན་ཁང་གིས་གཙོ་སྐྱོང་བྱེད་པ། ཀྲུང་དབྱང་གིས་མ་དངུལ་ཁ་གསབ་བྱེད་པའི་རྩ་དོན་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་རྒྱབ་རྟེན་དུ་བྱས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་ཆེད་མཁས་པའི་མཐུན་ཚོགས་དང་སྤུས་ལེགས་སྨན་བཅོས་ཐོན་ཁུངས། སྔོན་ཐོན་གྱི་དོ་དམ་འདུ་ཤེས་ནང་འདྲེན་བྱས་ཏེ་ནད་གཞི་ལྗིད་ཅིང་སྲོག་ཉེན་ཆེ་བ་དང་མྱུར་སྐྱོབ་སྨན་བཅོས་ཀྱི་མཐོ་ས་བསྐྲུན་པ་དང་། རྒྱུན་མཐོང་ནད་དང་ཐེངས་མང་བྱུང་བའི་ནད་རིགས་ཀྱི་ནད་བརྟག་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་ནས་ཁུལ་ཡོངས་དང་ཉེ་འདབས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཐད་ཀྱི་དགོས་མཁོ་སྐོང་དགོས།

ལས་གཞི་འདིར་ས་ངོས་སུ་ཐོག་རྩེག་བདུན་དང་ས་འོག་ཏུ་རིམ་པ་གཅིག་ཅན་གྱི་ཐོག་ཁང་ཞིག་བསྐྲུན་རྒྱུ་ཡིན་པ་དང་། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་སྒོ་བསྟེན་སྣ་འཛོམས་ཐོག་ཁང་གི་སུམ་ཐོག་གི་ཁྱམས་ར་དང་སྦྲེལ་རྒྱུ་ཡིན་ལ། མལ་ཁྲི་ཉིས་བརྒྱ་དང་བཅོ་ལྔ་བཀོད་སྒྲིག་བྱེད་འཆར་ཡོད་ལ། ཉིས་སྟོངཉེར་བཞི་ལོའི་ཟླ་བཅུ་པར་ལས་གཞི་ཡོངས་འགྲུབ་བྱས་ཏེ་རྩིས་སྤྲོད་བྱ་རྒྱུ་རེད། འཛུགས་སྐྲུན་ཁྲོད་སྙིང་ཁམས་དང་ཀླད་པའི་ཁྲག་རྩ་དང་དབུགས་ལམ། རུས་ནད་སོགས་ཚན་ཁག་དང་། གསོ་སྦྱོང་སློབ་ཁང་དང་རྒྱང་བསྟེན་མཉམ་འདུས་ནད་དཔྱད། རྒྱང་བསྟེན་སློབ་སྟོན། མཐོ་སྒང་ནད་རིགས་ཞིབ་དཔྱོད་ཁང་དང་ཁོངས་གཏོགས་སྒྲིག་ཆས་ཆ་ཚང་བཅས་འདུ།

མི་ཕམ་མགོན་པོས་བསྒྱུར།