ཡུས་ཧྲུའུ་ཡིས་རབ་མཛེས་མཚོ་སྔོན། ཆུ་མགོ་ཡུས་ཧྲུའུ་ཞེས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་མགོ་བརྩམས།
2022.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱར་ཟླ་བདུན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་རི་མོ་མཁན་གྱི་པུར་རྩེ་ནས་འཁྲུངས་པ་ཇི་བཞིན་མཛེས་ཤིང་ལྟ་ན་སྡུག་པ་དང་། ཕྱོགས་ཀྱི་མགྲོན་པོ་མ་ལུས་ལྷན་དུ་འཛོམས་ནས་ལྗང་མདོག་སྐྱེ་ཁམས་ཀྱི་མཚར་སྡུག་ཉམས་སུ་མྱོང་བ་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་གཅིག་ཏུ་འཁྱུད་ཡོད། ཡུས་ཧྲུའུ་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་གྱི་ཐོག་མའི་འདེམས་ཁུལ་ཡིན་པ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་རབ་མཛེས་མཚོ་སྔོན། ཆུ་མགོ་ཡུས་ཧྲུའུ་ཞེས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ཡུས་ཧྲུའུ་གྲོང་ཁྱེར་གྱི་བྱ་ཆུ་ཁོག་རྟ་རྒྱུགས་ར་བ་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་ཁག་ཚེས་ཉེར་གསུམ་ཉིན་མགོ་རྩོམ་པ་དང་ཚེས་ཉེར་བདུན་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། དུས་ཡུན་ཉིན་ལྔ་རེད། བྱ་འགུལ་ལ་རིག་རྩལ་འཁྲབ་སྟོན་དང་ཆེད་སྒྲིག་གྲུབ་འབྲས་འགྲེམ་སྟོན། རྟ་རྒྱུགས་འགྲན་སྡུར། མི་རིགས་ལུས་རྩལ་འགྲན་སྡུར་བྱ་འགུལ་དང་སྒྱུ་རྩལ་བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པ་སྣ་ཚོགས་མངོན་པ་དང་། ཡུས་ཧྲུའུ་ཡི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་པ་དང་ཡུས་ཧྲུའུ་ཡི་རིག་གནས་དར་སྤེལ་གཏོང་བ། ཡུས་ཧྲུའུ་ཡི་གཏམ་རྒྱུད་ལེགས་པར་འཆད་པ་དང་ཡུས་ཧྲུའུ་ཡི་དྲིན་གཟོའི་བསམ་པ་མཚོན་པར་བྱས།

ཉེ་བའི་ལོ་ཤས་རིང་ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་དང་མང་ཚོགས་ཀྱིས་རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་ལམ་དུ་འབད་པས་བསྐྱོད་ནས་ཕྱོགས་ཀྱི་མགྲོན་པོས་ཡུས་ཧྲུའུ་རུ་ཡུལ་སྐོར་བྱེད་པ་དང་ཡུས་ཧྲུའུ་ཡི་མཛེས་སྡུག་སེམས་ལ་འཛིན་པ། ཡུས་ཧྲུའུ་ལ་བརྩེ་སེམས་བཅངས་པར་སྐྱེ་ཁམས་ཀྱི་མཐུན་རྐྱེན་བསྐྲུན།

མི་ཕམ་མགོན་པོས་བསྒྱུར།