རྒྱལ་ཁབ་ལས་རིགས་ནད་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོག་བཅོས་འཆར་འགོད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རང་ཞིང་གི་ལས་རིགས་ནད་འགོག་བཅོས་བྱ་བ་ཚད་ལྡན་ཅན་དང་ཚན་རིག་ཅན་དུ་བསྒྱུར་ཆེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ། ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ལས་རིགས་ནད་འགོག་བཅོས་ལྟེ་གནས་ཀྱི་སྒོ་བྱང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་བཀལ། འགོག་བཅོས་ལྟེ་གནས་བཙུགས་པ་དེས་རང་ཞིང་དུ་ཞིང་ཆེན་རིམ་པའི་ལས་རིགས་ནད་འགོག་བཅོས་ལྟེ་གནས་མེད་པའི་སྟོང་ཆ་བསྐངས་པ་དང་། རང་ཞིང་གི་ལས་རིགས་ནད་དོ་དམ་མ་ལག་སྔར་ལས་ཇེ་དྲག་ཏུ་བཏང་།
ཞིང་ཆེན་ལས་རིགས་ནད་འགོག་བཅོས་ལྟེ་གནས་བཙུགས་རྗེས། ཞིང་ཆེན་ཡོངས་ཀྱི་ལས་རིགས་ནད་འགོག་བཅོས་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར་བྱེད་པའི་འགན་ཁུར་བ་དང་། ལས་རིགས་བདེ་ཐང་བརྟག་དཔྱད་དང་ལས་རིགས་ནད་བརྟག་བཅོས། སྨན་བཅོས་དང་ལུས་གསོ་བྱ་བ་སྤེལ་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ལས་རིགས་བདེ་ཐང་བརྟག་དཔྱད་ལས་ཁུངས་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་ནད་བརྟག་བཅོས་ལས་ཁུངས་ཀྱི་ལག་རྩལ་མཛུབ་ཁྲིད་དང་སྤུས་ཀ་ཚོད་འཛིན་བྱ་བར་འགན་ཁུར་རྒྱུ་ཡིན་པ་མ་ཟད། ལས་རིགས་ནད་འགོག་བཅོས་ནད་ཐོག་སྨན་བཅོས་ལག་རྩལ་ཞིབ་འཇུག་དང་དྲིལ་སྒྲོག གསོ་སྦྱོང་། ཁྱབ་གདལ་བྱ་བ་སྤེལ་བ་དང་། དེ་དང་མཉམ་དུ་རྒྱལ་ཁབ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་འབྲེལ་ཡོད་བྱ་བ་གཞན་པ་ཡོངས་འགྲུབ་བྱ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།