ཡུས་ཧྲུའུ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་དུས་ཚིགས་གཉིས་པའི་འབྲི་ཆུའི་ཉ་འཛིན་པ་འགོག་པའི་ཁུལ་ཁོངས་བརྒལ་བའི་ཁྲིམས་འཛིན་ཆེད་དོན་འགུལ་སྐྱོད་སྤེལ།
2022.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

འབྲི་ཆུའི་ལོ་བརྒྱའི་ཉ་འཛིན་པ་འགོག་པའི་བྱ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་འབྲི་ཆུའི་ཆུ་ཁོངས་གཙོ་བོའི་མཉམ་འབྲེལ་ཁྲིམས་འཛིན་བྱ་བའི་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།   ཆུ་ཁོངས་གཙོ་བོའི་ཉ་འཛིན་པ་འགོག་པའི་ཁྲིམས་འཛིན་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཁྲིམས་འགལ་གྱིས་ཉ་འཛིན་པ་དང་ཁྲིམས་འགལ་ངང་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་མཉམ་དུ་འགོག་ཟོན་དང་རྡུང་རྡེག་ནན་མོ་གཏོང་ཆེད། ཟླ་བརྒྱད་པའི་གསུམ་ཉིན།   མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་མཉམ་འབྲེལ་གྱིས་ཉིས་སྟོང་ཉེར་གཉིས་ལོའི་དུས་ཚིགས་གཉིས་པའི་འབྲི་ཆུའི་ཉ་འཛིན་པ་འགོག་པའི་ཁུལ་ཁོངས་བརྒལ་བའི་ཁྲིམས་འཛིན་ཆེད་དོན་འགུལ་སྤྱོད་སྤེལ།

ཡུས་ཧྲུའུ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་ལོ་བཅུའི་ཉ་འཛིན་པ་འགོག་པའི་བྱ་བའི་མཉམ་འབྲེལ་ཁྲིམས་འཛིན་གྲོས་མཐུན་གཞིར་བཟུང་སྟེ་མཉམ་འབྲེལ་ཁྲིམས་འཛིན་ཚན་ཆུང་གིས་ཆེད་དོན་འགུལ་སྐྱོད་སྤེལ་ནས་སེལ་ཤུལ་རྫོང་གི་ཆུ་ཐོན་ཁྲོམ་ར་དང་ཉ་འབྲེལ་ཟ་ཁང་སོགས་སུ་ཞིབ་བཤེར་ནན་མོ་བྱས་པ་དང་།   ཉ་ཉོ་བ་དང་ལས་སྣོན་བྱེད་པ།   ཁྲིམས་འགལ་གྱིས་ཉ་འཛིན་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་།  དེ་དང་མཉམ་དུ།   འབྲི་ཆུའི་ཉ་སྲུང་སྐྱོབ་བཅའ་ཁྲིམས་དང་ཉ་ལས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་གང་ལེགས་བྱས།

ཐེངས་འདིའི་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་ཁྲོད་དུ་ཡུས་ཧྲུའུ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱིས་བསྡོམས་པས་ཁྲིམས་འཛིན་མི་སྣ་ཉེར་དགུ་དང་ཁྲིམས་འཛིན་རླངས་འཁོར་དྲུག་བཅས་མངག་སྟེ་ཉ་ཐོན་སྐྱེད་ཁང་དང་ཟ་ཁང་དྲུག་ལ་ཞིབ་བཤེར་བྱས་པ་དང་།   སྤྱི་ལེ་བཞི་བཅུ་ལྷག་གི་ཆུ་ངོགས་སུ་སྐོར་ཞིབ་བྱས་ལ།  ཁྲིམས་འགལ་ངང་ཉ་འཛིན་པ་སོགས་ཀྱི་གནད་དོན་གཅིག་ཀྱང་མེད།   གོ་རིམ་རྗེས་མར་ཡུས་ཧྲུའུ་ཁུལ་གྱིས་གནད་དོན་ཁྲིད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་།   ཉིན་རྒྱུན་གྱི་ཞིབ་བཤེར་དང་གློ་བུར་དུ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ།   མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་སྣོན་པ།    སྤྱི་བའི་དོ་དམ་ཆུ་ཁོངས་དང་འབྲེལ་མཚམས་ཆུ་ཁོངས་སུ་རྒྱུན་མཐུད་ངང་མཉམ་འབྲེལ་ཁྲིམས་འཛིན་སྤེལ་བ།   ཁྲིམས་འགལ་ངང་ཉ་འཛིན་པ་དང་ཁེ་ཕན་ཕྲེང་འབྲེལ་རྡུང་རྡེག་ནན་མོ་གཏོང་བའི་ཁྲིམས་འཛིན་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་སོགས་བྱས་ཏེ་འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་དང་ཆུ་ཁོངས་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ཉ་འཛིན་སྒྲིག་ལམ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པ།    འབྲི་ཆུའི་བཞུར་རྒྱུད་ཀྱི་ཉ་འཛིན་པ་འགོག་པའི་བྱ་བར་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱས་ཏེ་འབྲི་ཆུའི་ཉ་འཛིན་པ་འགོག་པའི་དྲ་རྒྱ་བརྟན་པོར་འཛུགས་རྒྱུ་རེད།

                                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།