ཉེ་ལམ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་རོགས་འདེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བཟོ་ཚོགས་ཀྱི་གྲོན་དངུལ་ཚང་མ་ཕྱིར་སློག་པའི་སྲིད་ཇུས་བཏོན་ནས། ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལྔ་བརྒྱ་དང་སུམ་ཅུས་སྤྲད་པའི་བཟོ་ཚོགས་གྲོན་དངུལ་སྒོར་ས་ཡ་གཉིས་དང་འབུམ་བདུན་ཁྲི་གཉིས་ལྷག་ཕྱིར་བྱིན་པ་དང་། ཉིས་སྟོང་ཉེར་གཅིག་ལོར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཉིས་བརྒྱ་རེ་བཞིས་སྤྲད་པའི་བཟོ་ཚོགས་ཀྱི་གྲོན་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བདུན་ལྷག་ཕྱིར་བྱིན།
མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བཟོ་ཚོགས་མ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བཟོ་ཚོགས་མ་དངུལ་ཕྱིར་སྟེར་བའི་བྱ་བ་དེ་གཞི་རིམ་ལ་འབྲེལ་འདྲིས་བྱེད་པ་དང་ལས་བཟོ་བར་ཞབས་འདེགས་ཞུ་བ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། བཟོ་ཚོགས་སྒྲིག་འཛུགས་ལ་སྐུལ་སྤེལ་བྱེད་པའི་གོ་སྐབས་གལ་ཆེན་དུ་བརྩིས་ཏེ་ཚད་ཆེས་ཆེ་བའི་སྒོ་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་འཕེལ་རྒྱས་ཀྱི་དཀའ་ཁག་སེལ་བར་རོགས་སྐྱོར་བྱས་ནས་ཏང་དང་བཟོ་ཚོགས་རྩ་འཛུགས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བཅངས་བའི་བརྩེ་སེམས་བརྒྱུད་སྒྲོག་བྱས།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་བཟོ་ཚོགས་སྒྲིག་འཛུགས་བྱེད་པའི་མཛུབ་སྟོན་ཞབས་ཞུ་སྔར་ལས་བཟང་བོར་བསྒྲུབས་པ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བཟོ་ཚོགས་རྩ་འཛུགས་དང་བྱ་བའི་ཁེབས་ཚད་རྒྱ་བསྐྱེད་ལ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་དཀའ་གནད་ལ་མཉམ་དུ་གདོང་གཏད་དེ་དཀའ་ཁག་ལས་ཐར་བྱེད་པ་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱས་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཉམ་རྒྱལ་མངོན་འགྱུར་བྱེད་པར་བཟོ་ཚོགས་ཀྱི་སྟོབས་ཤུགས་ཕུལ།
ལྷ་མོ་ཚེ་རིང་གིས་བསྒྱུར།