ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱུན་མཐུད་སྒོས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བར་དུ་བཀོད་པའི་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་མཉམ་ལས་གྲོས་མཐུན་དངོས་འབེབས་བཟང་བོ་བྱས་ཤིང་། ཆེ་ཕྱོགས་དཔལ་འབྱོར་དོ་དམ་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩ་དངུལ་བསྡུའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པ་དང་། ལག་རྡང་སྦྲེལ་ཏེ་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་བ། ཧུར་ཐག་སྒོས་ལས་གཞི་གལ་ཆེན་སྐོར་ཞིག་ལ་འཆར་འགོད་དང་གསོག་འཇོག་སྐུལ་སྤེལ་བྱས་པ་དང་། ལས་གཞི་གལ་ཆེན་གྱི་དངུལ་བསྡུའི་དཀའ་ཁག་མཐུན་སྦྱོར་སྒོས་ཐག་བཅད་ནས། དངུལ་ཁང་དང་སྲིད་གཞུང་བར་གྱི་མཉམ་ལས་ཀྱི་རིམ་པ་འཕར་བར་སྐུལ་འདེད་བཏང་།
ཤེས་གསལ་ལྟར་ན། ལོ་སྟོད་ལ་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་བསྡོམས་པས་དངུལ་བུན་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་ལྷག་བཏང་བ་དང་། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་ལ་དངུལ་བུན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཅིག་ལྷག་བཏང་། མཚོ་ཤར་གྲོང་ཁྱེར་ལ་དངུལ་བུན་སྒོར་དུང་ཕྱུར་བདུན་ལྷག་བཏང་། མཚོ་བྱང་ཁུལ་ལ་དངུལ་བུན་སྒོར་དུང་ཕྱུར་བདུན་ལྷག་བཏང་། མགོ་ལོག་ཁུལ་ལ་དངུལ་བུན་སྒོར་དུང་ཕྱུར་གསུམ་བཏང་། མཚོ་ལྷོ་ཁུལ་ལ་དངུལ་བུན་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་ལྷག་བཏང་། རྨ་ལྷོ་ཁུལ་ལ་དངུལ་བུན་སྒོར་དུང་ཕྱུར་བཞི་ལྷག་བཏང་བས། ཡན་ལག་དངུལ་ཁང་གི་ཁྱོན་ཡོངས་ཀྱི་དངུལ་བུན་བཏང་ཚད་ཀྱི་བརྒྱ་ཆའི་གྱ་གཉིས་ལྷག་ཟིན།
གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧུར་ཐག་སྒོས་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་བསྲེས་དང་ཞབས་ཞུ་བསྒྲུབ་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འབྲེལ་ཡོད་རེ་བ་ལྟར། གཟབ་ནན་དང་ཞིབ་ཕྲ་སྒོས་དཔལ་འབྱོར་བརྟན་འཇགས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་དང་མཉམ་དུ་ཕྱོགས་སོ་སོའི་དངུལ་བསྡུ་དང་ཞབས་ཞུའི་བྱ་བ་བཟང་བོར་བསྒྲུབ་ངེས་རེད།