མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ལས་ཁུངས་བཅུ་དྲུག་གིས་མཉམ་འབྲེལ་སྒོས་ནུས་ཤུགས་བཏོན་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་།
2022.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་རིམ་པའི་ལས་ཁུངས་བཅུ་དྲུག་དང་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་རྐྱེན་སྲོལ་བཙུགས་པར་མ་ཟད། བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ནས་མཚོ་སྔོན་ཁེ་ལས་ཀྱི་དོན་དངོས་ཁུར་བོའི་གནད་དོན་ཐག་བཅད་ནས་ཁེ་ལས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་བཏང་།

མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་རྐྱེན་སྲོལ་བཙུགས་པ་ནི་རང་ཞིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་བརྟན་པོར་ཆགས་པར་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་རྒྱུན་རྣམ་གསར་བ་གསར་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། གྲོས་ཚོགས་རྐྱེན་སྲོལ་གྱིས་ཁེ་ལས་ཀྱི་དོན་དངོས་ཁུར་བོའི་གནད་དོན་ཐད་གཅོད་པ་བྱ་བའི་ཁྲིད་ཕྱོགས་བྱས་ཏེ། ཁེ་ལས་ལ་གྲོན་དངུལ་གང་འདོད་དུ་བསྡུ་བ་དང་གང་འདོད་དུ་ཆད་པ་གཅོད་པ། འགན་ཁུར་བགོ་འགྲེམ་སྣ་ཚོགས་བྱེད་པ་སོགས་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་བྱེད་པར་དམིགས་ནས། ཁྲལ་འཕྲི་ཡོན་གཅོག་ཕན་འབྲས་སྲ་བརྟན་དུ་བཏང་བ་བརྒྱུད་དེ་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བར་རོགས་འདེགས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་རྒྱུ་རེད།

                                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།