མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྡོམ་དང་ལས་གཞི་འཛུགས་སྐྲུན་ལ་སྤྱི་འདོམས་གང་ལེགས་བྱས་ནས་རྨ་ཆུའི་ཆེད་དོན་ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
2022.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དུས་ཚིགས་གསུམ་པའི་རྨ་ཆུའི་ཆེད་དོན་ལས་གཞིར་བརྙན་ལམ་ནས་བཀོད་གཏོང་ཚོགས་འདུ་བསྡུས་ནས། བཟོ་སྐྲུན་གྱི་དུས་ཚིགས་ཡག་ཤོས་ལེགས་པར་སྤྱད་དེ། གཙོ་གནད་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་དངུལ་གཏོང་ལས་གཞིའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། ཉིས་སྟོང་ཉེར་གསུམ་ལོའི་ལས་གཞིའི་འཆར་འགོད་རེ་ཞུའི་ལས་དོན་གང་མགྱོགས་ཀྱིས་བཀོད་སྒྲིག་བྱས་ཏེ། ལས་གཞིའི་བྱ་བ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་།

ཤེས་གསལ་བྱུང་བ་ལྟར་ན། ལེགས་འགྲུབ་བྱུང་ཟིན་པའི་རྨ་ཆུའི་ཆེད་དོན་ལས་གཞིར་མགྱོགས་མྱུར་ངང་ཞིབ་བཤེར་རྩིས་ལེན་བྱས་ནས། རྗེས་མཐུད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ལག་བསྟར་བྱེད་བཞིན་པའི་ལས་གཞིར་ཚན་རིག་དང་མཐུན་པའི་སྒོ་ནས་རྩ་འཛུགས་བྱས་ནས་སྐུལ་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁྱད་པར་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་དུ་ལས་ཡུལ་གྱི་སྒོ་རྒྱག་པའི་དོ་དམ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ། རིམས་ནད་བྱུང་བའི་གནས་སྟངས་ལ་འགོག་སྡོམ་གང་ལེགས་བྱེད་དགོས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ལས་མཚམས་འཇོག་མི་དགོས་པར་བྱ་དགོས། མྱུར་ཚད་དལ་བའི་ལས་གཞིར་ལྟ་སྐུལ་དོ་དམ་བྱེད་མཁན་ལས་ཁུངས་ཀྱིས་འགན་འཁྲི་ནན་མོ་འཁུར་བ་དང་། ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་གི་དཀའ་གནད་དུས་ཐོག་ཏུ་མཐུན་སྦྱོར་སྒོས་ཐག་གཅོད་འོས་འཚམ་བྱས་ཏེ། གཟའ་འཁོར་རེར་འཕེལ་རིམ་ངེས་ཅན་ཡོད་པར་བྱེད་པ་དང་ཟླ་རེར་འཕེལ་རིམ་གང་འཚམ་ཡོད་པར་འགན་ལེན་གང་ལེགས་བྱས་ནས། འཆར་གཞི་ལྟར་ནུས་ལྡན་དང་གོ་རིམ་ལྡན་པ། གཟབ་ནན་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས།

དུས་མཚུངས་སུ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གང་ལེགས་བྱས་ནས། ཚད་མཐའ་བརྟན་སྲུང་གི་བསམ་གཞིག་བསྐྱེད་དེ། ཆུ་འབྲུབ་དུས་ཀྱི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་པ་དང་། གནོད་འཚེ་སྔོན་འགོག་གི་ལས་དོན་ཏན་ཏིག་ངང་སྒྲུབ་ནས། བདེ་འཇགས་ཀྱི་སྐོར་ནས་ལས་འཛོལ་མི་ཐོན་པར་བྱེད་པའི་ཚད་མཐའ་སྲུང་གང་ཐུབ་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་གཏེར་མཛོད་བཅོས་སྐྱོང་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་སྒོས་བེད་སྤྱོད་བྱེད་པ། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་བྱ་རྩིས་ཡོད་ཅིང་། ལས་གཞི་འཆར་འགོད་དང་གསོག་འཇོག་ལ་ཤུགས་སྣོན་པ། དུས་འགོའི་ཆ་རྐྱེན་གལ་ཆེན་སྔ་སྣུར་སྒོས་གྲ་སྒྲིག་ཡག་པོ་བྱེད་པ། ཉིས་སྟོང་ཉེར་གསུམ་ལོའི་རྨ་ཆུའི་ཆེད་དོན་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་ཚུད་པའི་དངུལ་གཏོང་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུའི་ལས་དོན་ཞིབ་ཚགས་ངང་སྒྲུབ་པ་བཅས་བྱས་ནས། ལས་གཞི་རེ་ཞུའི་ལས་ཆོད་སྔར་ལས་ཆེ་རུ་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།