མཚོ་སྔོན་ཞིང་ཆེན་གྱིས་ཆུ་རྒྱས་དུས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ་དང་འཕྲལ་བསྟུན་བཅས་ཀྱི་མཉམ་འགུལ་ལམ་སྲོལ་ལ་ཤུགས་བསྣན།
2022.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ཆར་ཆུ་མང་བ་དང་ཆུ་ཆེ་རུ་རྒྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཉེན་ཟོན་ལ་སྔོན་བརྡ་གཏོང་བ་དང་འཕྲལ་བསྟུན་མཉམ་འགུལ་ལམ་སྲོལ་སྔར་ལས་སྟོབས་ལྡན་དུ་གཏོང་བ། གནོད་འཚེའི་སྐོར་གྱི་ཉེན་ཟོན་སྔོན་བརྡ་དང་འཕྲལ་བསྟུན་ཕན་འབྲས་མཐོ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཉེན་ཟོན་སྔོན་བརྡ་གཏོང་བ་དང་འཕྲལ་བསྟུན་མཉམ་འགུལ་ལམ་སྲོལ་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ནས། གནམ་གཤིས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་སྔར་ལས་འཐུས་ཚང་དུ་གཏོང་བ། གནམ་གཤིས་ཉེན་ཟོན་སྔོན་བརྡ་དང་འཕྲལ་བསྟུན་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། ཉེན་བརྡ་གཏོང་བ་དང་ཨ་ལན་ཡོད་པར་འགན་ལེན་བྱས།

མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱིས་ཆར་ཆུ་མང་བའི་གནམ་གཤིས་ཀྱི་འཕེལ་ཕྱོགས་ལ་དམིགས་ཏེ། གཙོ་གནད་རྫོང་དང་ཆུས་ཀྱི་འཕྲལ་བསྟུན་དོགས་ཟོན་གནས་ཚུལ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས་པ་དང་། གཙོ་གནད་རྫོང་དང་ཆུས་ལ་དུས་ཚོད་གཉིས་རེའི་ནང་དུ་བསྐྱར་འདྲི་རྩད་ཞིབ་དང་བསྐྱར་དུ་ཤེས་རྟོགས་བྱེད་པ། ཡང་བསྐྱར་བཀོད་སྒྲིག་བཅས་བྱས་ནས། སྲུང་སྐར་ཁ་པར་གྱི་གཙོ་གནད་གྲོང་ཚོ་དང་ཆར་ཆུ་གཅིག་སྡུད་ཁུལ་གཙོ་གནད་དུ་བཟུང་ནས་འགན་ལེན་བྱས་ཏེ། འཕྲལ་བསྟུན་འཕྲིན་གཏོང་གི་འགན་ལེན་ནུས་པ་འདོན་སྤེལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན། འབྲེལ་ཡོད་ཐིན་དང་ཅུའུ་ཡིས་གཙོ་གནད་ཁུལ་དང་རྫོང་གི་ཆར་ཆུའི་གནས་ཚུལ་དང་ཆུ་ཆེ་རུ་རྒྱས་པའི་གནས་ཚུལ་གྱི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུའི་ལས་དོན་ཡག་པོ་སྒྲུབ་སྟེ། འགྲོ་ལམ་ཆད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དང་ཡུལ་དངོས་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་བསྣན་ནས།  གློ་བུར་དུ་གནོད་འཚེ་མི་འབྱུང་བར་ལྟ་སྐུལ་གང་ལེགས་བྱས། ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར་དུ། ས་གནས་སོ་སོས་ཁྱོན་བསྡོམས་མི་ཁྲི་ལྔ་དང་སྟོང་བཞི་བདུན་བརྒྱ་གྱ་དགུ་ཉེན་ཁའི་གནས་ནས་ཡུལ་གཞན་དུ་སྤར་བ་དང་། མི་བརྒྱ་དང་གོ་ལྔ་གཏན་སྡོད་བྱེད་དུ་བཅུག་ལ། འགལ་རྐྱེན་རིགས་བརྒྱད་བརྒྱ་དང་ཉེར་དགུ་ལ་གྲལ་བཤེར་བྱས་པ་དང་། ཉེན་ཁ་ཡོད་པའི་གནས་ཚུལ་ལ་ཕན་འབྲས་ལྡན་པའི་ངང་འགོག་ཟོན་བྱ་ཆེད་རྨང་གཞི་བརྟན་པོ་བཏིངས།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ཆུ་ལོག་འགོག་བཅོས་ཀྱི་ལས་ཀ་སྔར་བཞིན་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཞོད་འགོག་གཞུང་སྒྲུབ་ཁང་གིས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། གནམ་གཤིས་ཀྱི་གནོད་འཚེའི་ཉེན་ཟོན་སྔོན་བརྡ་དང་འཕྲལ་བསྟུན་མཉམ་འགུལ་གྱི་ཕན་འབྲས་སྔར་ལས་མཐོ་རུ་བཏང་སྟེ། དུས་ཐོག་ཏུ་སྟོབས་ཤུགས་གང་ཡོད་རྩ་འཛུགས་བྱས་ནས། ཉེན་ཁ་མྱུར་སྐྱོབ་དང་རོགས་སྐྱོབ་བྱེད་པ་དང་། རོགས་སྐྱོབ་དངོས་ཟོག་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། ཞོད་འགོག་གེགས་སེལ་གྱི་བྱ་ཐབས་ཁག་ལ་སྔར་ལས་ཤུགས་སྣོན་པ། འཕྲལ་བསྟུན་ལས་རེས་བརྟན་སྲུང་ལ་ཤུགས་སྣོན་པ། ཞོད་འགོག་འགན་འཁྲི་དོན་འཁྱོལ་ནན་མོ་བཅས་བྱས་ནས། ཞིང་ཆེན་ཡོངས་བདེ་འཇགས་ཀྱི་ཆུ་རྒྱས་པའི་དུས་སྐབས་ལས་བརྒལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།