​མཚོ་སྔོན་གྱིས་བྱེད་ཐབས་བདུན་བཏོན་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྡོད་ཁུལ་དུ་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་། 
2022.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བར་སྟོང་རྒྱ་བསྐྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་སྡོད་ཁུལ་གྱི་བཅོས་སྐྱོང་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བར་གཅིག་གྱུར་བཀོད་འདོམས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་གྲོང་གསེབ་སྡོད་ཁུལ་དུ་ལས་ཞུགས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པའི་བརྡ་ཐོ་པར་འགྲེམ་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྡོད་ཁུལ་དུ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་བདུན་གཏན་འཁེལ་གསལ་བོ་བྱས་ཡོད། 

ད་ལོའི་མཐར་ཕྱིན་དུས་ཚིགས་ནས་བཟུང་། མཚོ་སྔོན་གྱིས་སྡོད་ཁུལ་བྱ་བའི་ལས་གནས་སུ་ལས་མི་བསྡུ་ལེན་བྱེད་པའི་འཆར་གཞི་ལག་བསྟར་བྱས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་དམངས་གཙོའི་འདེམ་བསྐོའི་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་སྐུལ་མ་བཏང་སྟེ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་ཇེ་རྒྱས་ཇེ་ལེགས་སུ་བཏང་། སྡོད་ཁུལ་གྱི་ཆེད་འགན་བྱ་བ་སྒྲུབ་མཁན་གྱི་ལས་གནས་སྟོང་བ་དག་ལེགས་སྒྲིག་བྱས་པ་དང་། ཚན་རིག་དང་མཐུན་པར་ལོ་ཧྲིལ་བོའི་ལས་མི་བསྡུ་བའི་འཆར་གཞི་གཏན་འབེབས་བྱས་ནས། ཉིས་སྟོང་ཉེར་གཉིས་ལོའི་སྡོད་ཁུལ་གྱི་ཆེད་འགན་བྱ་བ་སྒྲུབ་མཁན་གྱི་གདན་ཞུའི་ལས་གནས་གསར་བ་ཚང་མ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཁ་གཏོད་རྒྱུ་རེད། 

སྤྱི་ཚོགས་རྩ་འཛུགས་ཀྱི་ལས་མི་བསྡུ་བའི་འཆར་གཞི་ལག་བསྟར་བྱས་ཏེ། སྡོད་ཁུལ་ནས་རྒན་གསོ་དང་བུ་བཅོལ། ཁྱིམ་ལས། བདེ་ཐང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྤྱི་ཚོགས་རྩ་འཛུགས་དང་ཁེ་ལས་སོགས་ལས་ཁུངས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པའི་ལས་ཞུགས་ནུས་པ་ཇེ་དྲག་ཏུ་བཏང་། ཆེད་ལས་སྤྱི་ཚོགས་བྱ་བའི་སྐུལ་ཁྲིད་འཆར་གཞི་ལག་བསྟར་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་བའི་ས་ཚིགས་སུ་འགྲོ་བར་ཁྲིད་སྟོན་གང་ལེགས་བྱེད་པ་དང་། ཁུལ་གསུམ་འཇོན་མིའི་འཆར་གཞི་ལག་བསྟར་བྱེད་པ་དང་ཟུང་འབྲེལ་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་དགོས། 

སློབ་གསོའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་མཐོ་རིམ་སློབ་གསོའི་ཐེབས་རྩ་ཚོགས་པས་སྡོད་ཁུལ་གྱི་གསར་གཏོད་ཆེད་དོན་ཐེབས་རྩ་འཛུགས་པར་སྐུལ་མ་བཏང་སྟེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་སྡོད་ཁུལ་གྱི་ཚོགས་ཁག་གསར་བ་འཛུགས་པ་དང་། གྲོང་གསེབ་སྡོད་ཁུལ་དང་གཞི་རིམ་སྤྱི་ཚོགས་བྱ་བའི་ས་ཚིགས་སུ་སོང་ནས། སྡོད་ཁུལ་གྱི་བཅོས་སྐྱོང་ཞབས་ཞུའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་སྡོད་ཁུལ་གྱི་དངོས་སྦྱོང་ལག་ལེན་རྟེན་གཞི་བཙུགས་ཤིང་། སློབ་ཆེན་སློབ་མ་དག་གྲོང་གསེབ་སྡོད་ཁུལ་དུ་ཡོང་ནས་དངོས་སྦྱོང་ལག་ལེན་དང་། དང་བླངས་ཞབས་ཞུ། སྤྱི་ཚོགས་ཕན་བདེ་སོགས་ཀྱི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་དགོས། ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་འཚོ་བའི་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཤིང་། ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་མ་མཐའི་འཚོ་བའི་འགན་སྲུང་གི་གྲས་སུ་བཞག་ནས། དུས་ལྟར་ཕྱོགས་བསྡུས་རོགས་སྐྱོར་བྱེད་དགོས། ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་དུས་ལྟར་མ་མཐའི་འཚོ་བའི་འགན་སྲུང་དང་གནས་སྐབས་རོགས་སྐྱོར་གྱི་གྲས་སུ་འཇོག་དགོས། 


བསོད་ནམས་ཚེ་རིང་གིས་བསྒྱུར།