ཟི་ལིང་པྲོག་གསར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང171པ)
2022.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

(ཨང171པ)

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་རིམས་ནད་མཆེད་པའི་ཉེན་ཁ་འགོག་ཟོན་བྱེད་ཆེད་ཁྱིམ་སྡོད་གཞུང་ལས་སྒྲུབ་པའི་སྐོར་གྱི་བརྡ་ཁྱབ།

རིམས་ནད་གང་སར་མཆེད་པར་འགོག་ཟོན་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་ཆེད། ཞིབ་འཇུག་བྱས་པ་བརྒྱུད2022ལོའི་ཟླ8པའི་ཚེས29ཉིན་གྱི་ཆུ་ཚོད6པ་ནས་ཟླ9པའི་ཚེས1ཉིན་གྱི་ཆུ་ཚོད6པའི་བར་གྲོང་ཁྱེར་འཁོར་སྐྱོད་དང་། ཁྲོམ་རའི་མཁོ་སྤྲོད་འགན་ལེན། སྤྱི་པའི་ཞབས་ཞུ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་བྱེད་མི་སྣ་ལས་གཞན། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་གཙོ་བོའི་ཁྱབ་ཁོངས་ཀྱི་མི་སྣ་ཡོངས་ཀྱིས་ཁྱིམ་དུ་བསྡད་ནས་གཞུང་དོན་སྒྲུབ་པ་དང་ལས་ཁུངས་ཀྱིས་གནས་སྐབས་སུ་ལས་མཚམས་འཇོག་པ་སོགས་བྱེད་ཐབས་སྤྱད་དེ། སྡོད་དམངས་རྣམས་ངེས་པར་དུ་ཕྱིར་འགྲོ་དགོས་པ་མ་བྱུང་ན་མི་འགྲོ་བ་དང་རུབ་འཚོགས་དང་འདུ་འཛོམས་མི་བྱེད་པར། མི་རྣམས་འགྲོ་སྐྱོད་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།

གཅིག ཏང་སྲིད་ལས་ཁུངས་དང་རྒྱལ་དབང་ཁེ་ལས། དོན་ལས་ལས་ཁུངས་བཅས་ཀྱི་ལས་བཟོ་པས་སྣེ་ཁྲིད་དེ་ཁྱིམ་སྡོད་གཞུང་ལས་ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས། ཁྱིམ་སྡོད་གཞུང་ལས་སྒྲུབ་པའི་རིང་ལ་དྲ་ཐོག་ནས་ལས་ཀ་ལས་པའི་ཐབས་སྤྱད་དེ། ལས་བཟོ་པར་ཁྱིམ་སྡོད་གཞུང་ལས་སྐབས་ཀྱི་བྱེ་བྲག་གི་བཀོད་སྒྲིག་དང་སློབ་གསོའི་དོ་དམ་ལེགས་པོ་བྱེད་དགོས་ལ། བཀོད་སྒྲིག་བྱེད་ཡུལ་གྱི་གནས་ཚུལ་ལྟར་དང་བླངས་པར་བསྒྱུར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ནང་ཞུགས་ཀྱང་ཆོག ངེས་པར་དུ་ལས་གནས་སུ་ཐོན་དགོས་ཚེ་ཆུ་ཚོད24ཡི་ནང་ཚུན་གྱི་ཉིང་སྐྱུར་སྲིབ་གཤིས་ཡིན་པའི་དཔང་ཡིག་འཁྱེར་ནས། ཁྱིམ་ཚང་དང་ལས་ཁུངས་བར་གྱི“གནས་གཉིས་ཐིག་གཅིག”གི་དོ་དམ་དང་རིམས་འགོག་བྱེད་ཐབས་ལག་བསྟར་བྱེད་པ་དང་།  སྤྱི་པའི་མངའ་ཁོངས་སུ་དུག་སེལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཁུངས་ནང་ཁུལ་དུ་མི་སྣ་འདུ་འཛོམས་བྱ་རྒྱུ་གཏན་འགོག་བྱེད་དགོས།

གཉིས། གྲོང་ཁྱེར་མངའ་ཁོངས་ཀྱི་ཚོང་གཉེར་ལས་ཁུངས་སོ་སོས་གནས་སྐབས་སུ་ཚོང་གཉེར་བྱེད་མཚམས་འཇོག་དགོས།རིམས་འགོག་དང་མཁོ་འདོན་འགན་ལེན་བྱེད་པའི་ཚོང་ར་དང་། སྒོ་རྩིས་ཚོང་ཁང་།བཟའ་བཏུང་། སྨན་ཁང་། ཕྱིར་འཚོང་། མྱུར་སྐྱེལ་སོགས་དམངས་འཚོའི་གཞི་རྩའི་འགན་ལེན་ལས་ཁུངས་དང་མི་སྒེར་གྱིས་ཉིང་སྐྱུར་ཞིབ་དཔྱད་དང་བདེ་ཐང་ལྟ་ཞིབ་སོགས་རིམས་འགོག་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་པོ་བྱེད་དགོས།

གསུམ། མི་སྣ་འདུ་འཛོམས་ལ་ཚོད་འཛིན་ནན་མོ་བྱེད་དགོས། གནས་སྐབས་སུ་ཚོགས་འདུ་ཆེ་གྲས་དང་གླེང་སྟེགས་སོགས་ཀྱི་བྱ་འགུལ་མི་སྤེལ་བ་དང་། སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་སོ་སོས་ཡུལ་དངོས་ཀྱི་གསོ་སྦྱོང་བྱེད་མཚམས་འཇོག་པ། གནས་སྐབས་སུ་ཆོས་ལུགས་བྱེད་སྒོ་སྤེལ་སའི་སྒོ་རྒྱག་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་འཇོག་པ། རྒན་གསོ་ཁང་དང་ཕན་བདེའི་ལས་ཁུངས།བཙོན་ཁང་སོགས་ལ་བཀག་སྡོམ་དོ་དམ་བཅས་བྱེད་དགོས།

བཞི། གྲོང་ཁྱེར་གྱི་ཁོངས་སུ་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། དྲ་ཐོག་རླངས་འཁོར་བཅས་གནས་སྐབས་སུ་རྒྱུག་མཚམས་འཇོག་དགོས།རིམས་ནད་སྔོན་འགོག་ཚོད་འཛིན་དང་མྱུར་སྐྱོབ་སྨན་བཅོས།འཚོ་བའི་འགན་སྲུང་། གྲོང་ཁྱེར་འཁོར་སྐྱོད།གཞུང་དོན་འཁོར་སྐྱོད། མྱུར་བསྟུན་ཐག་གཅོད།གསར་འགྱུར་སྨྱན་བྱད་སོགས་འབྲེལ་ཡོད་རླངས་འཁོར་རྒྱུན་ལྡན་ལྟར་ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་། རླངས་འཁོར་གཞན་དག་གཞུང་ལམ་དུ་བགྲོད་ན་ངེས་པར་དུ་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གཅིག་གྱུར་གྱིས་བྱིན་པའི་འགྲོ་སྐྱོད་དཔང་ཡིག་འཁྱེར་དགོས་པ་དང་།འགྲོ་སྐྱོད་དཔང་ཡིག་མེད་པའི་འཁོར་རིགས་གཏན་འགོག་བྱེད་རྒྱུ།

ལྔ། སྡོད་དམངས་ཀྱིས་དྲ་ཐོག་ནས་དངོས་པོ་ཉོ་བ་དང་འབྲེལ་འདྲིས་མེད་པའི་སྡེབ་སྐྱེལ་དར་སྤེལ་གཏོང་དགོས། རྫོང་དང་ཆུས། སྲང་ལམ(ཡུལ་ཚོ་དང་གྲོང་རྡལ)བཅས་ཀྱིས་མཁོ་སྤྲོད་འགན་ལེན་ལས་ཁུངས་དང་ཚོང་ཁང་ཆེ་རིགས་ཀྱིས་ཐད་ཀར་མཁོ་འདོན་བྱ་རྒྱུ་རྩ་འཛུགས་བྱས་ཏེ་དུས་ཐོག་ཏུ་འབྲེལ་ཡོད་དངོས་ཟོག་སྡེབ་སྐྱེལ་བྱས་ནས་གཞི་རྩའི་འཚོ་བའི་དགོས་མཁོ་བསྐང་དགོས་པ་དང་།ངེས་པར་དུ་སྒོ་ཕྱིར་ཉོ་སྒྲུབ་བྱེད་དུ་འགྲོ་དགོས་ཚེ་ཁྱིམ་ཚང་རེར་རྩ་དོན་ཐོག་ཉིན་རེར་མི་གཅིག་བཀོད་སྒྲིག་བྱས་ནས་ཉེ་འགྲམ་དུ་འཚོ་བའི་མཁོ་ཆས་ཉོ་རུ་འཇུག་པ་དང་། ལམ་བར་དུ་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབས་ཐོག  ཉོས་མ་ཐག་ནས་ཕྱིར་ལོག་དགོས། འགྲོ་འདུག་སྟབས་མི་བདེ་བའི་ཁེར་སྡོད་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིར་གཞི་རྩའི་འཚོ་བའི་དངོས་ཟོག་སྒོ་ཁར་སྐྱེལ་བའི་ཞབས་འདེགས་ཞུ་དགོས། དེ་དང་ཆབས་ཅིག་ཟོག་གོང་ཧམ་སྤར་དང་དཀོན་ཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། འཚོ་བའི་དངོས་ཟོག་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་སྲུང་བྱེད་དགོས།

དྲུག ཁྱིམ་དུ་སྡོད་རིང་ཉིན་རེར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས། སྡོད་དམངས་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པའི་བླང་བྱ་ནན་མོ་ལྟར། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་འོས་འགན་ལག་བསྟར་བྱེད་པར་གཞོགས་འདེགས་ཧུར་ཐག་བྱེད་དགོས། མ་དཔེ་འཚོལ་བསྡུ་བྱེད་སྐབས་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་པ་དང་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་པ། འཁྱམ་ཉུལ་མི་བྱེད་པ།འདུ་འཛོམས་མི་བྱེད་པ།གང་སར་ཁ་ལུད་མི་འཕེན་པ། རང་འགུལ་ངང་ཉིང་སྐྱུར་གྱི་མ་དཔེ་བསྡུ་ལེན་དང་ཞིབ་དཔྱད་ཚད་ལེན། རིམས་ནད་ཁུངས་འདེད་བརྟག་དཔྱད་བཅས་བྱེད་པར་གཞོགས་འདེགས་ཧུར་ཐག་བྱེད་དགོས།

བདུན། གྲོང་ཁྱེར་སྡོད་དམངས་ཀྱིས་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ལེགས་པོ་བྱེད་དགོས། ཚ་རྒྱག་པ་དང་ལུས་ཤུགས་ཟད་པ། གློ་ལུ་བ། སྣ་ཁུང་འགག་པ། སྣ་ཆུ་བཞུར་བ། གྲོད་པ་བཤལ་བ། བྲོ་ཚོར་གྱི་ཚོར་བ་རྒྱུན་ལྡན་མིན་པ་སོགས་ཀྱི་ནད་རྟགས་བྱུང་ཚེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་ལམ་སང་ཉེ་འགྲམ་གྱི་ཚ་རྒྱས་སྒོ་བསྟེན་ཁང་དུ་བསྐྱོད་དགོས། སྨན་བཅོས་ལས་ཁུངས་སོ་སོས་ཚ་རྒྱས་སྒོ་བསྟེན་ཁང་ལ་དོ་དམ་ནན་མོ་བྱེད་པ་དང་།  སྨན་ཁང་གང་ཡིན་གྱིས་ཚ་བ་རྒྱས་པའི་ནད་པ་བསྡུ་ལེན་བྱས་ནས་བརྟག་བཅོས་བྱེད་མི་ཆོག་པ་དང་། སྨན་རྫས་ཚོང་ཁང་གིས“སྨན་རྫས་རིགས་བཞིའི”དོ་དམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། གྲོང་ཁྱེར་ཁོངས་ཀྱི་ཨང་རྟགས་སེར་པོའི་སྨན་ཁང་གིས་གྲོང་ཁྱེར་སྡོད་དམངས་ལ་ཐོགས་མེད་བགྲོད་ལམ་བཏོད་དེ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས། སྦྲུམ་མར་བརྟག་དཔྱད་བྱེད་པ་དང་ཁྲག་གཤེར་གྱི་ནད་རིགས་བཅོ་བ། སྐྲན་ནད་སྨན་བཅོས་སོགས་དམིགས་བསལ་ནད་པས་ཁ་ཆད་བཏབ་ནས་སྔོན་ལ་རང་སའི་སྡེ་ཁུལ(སྡེ་བ )ལ་སྙན་སེང་ཞུས་རྗེས། དོན་དངོས་དང་བསྟུན་ནས་སྨན་བཅོས་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་ནད་བརྟག་སྨན་བཅོས་ཀྱི་དགོས་མཁོ་བསྐང་དགོས།

བརྒྱད། རྫོང་དང་ཆུས།སྲང་ལམ(ཡུལ་ཚོ་དང་གྲོང་རྡལ)དང་ལས་རིགས་དོ་དམ་སྡེ་ཁག་བཅས་ཀྱིས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་རང་ས་ཁུལ་དང་གཙོ་གཉེར་ལས་རིགས་ཀྱི་ཁེ་དོན་ལས་ལས་ཁུངས་ཀྱི་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། རིམས་འགོག་བླང་བྱ་དོན་འཁྱོལ་ནན་མོ་མ་བྱས་པ་ལ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན།

དགུ། རྒྱལ་ནང་གི་ཉེན་ཁ་ཆེ་བ་དང་རིམས་ནད་བྱུང་ཡོད་པའི་ས་ཁུལ། ཞིང་ཆེན་ནང་གི་རིམས་ནད་བྱུང་ཡོད་སའི་གྲོང་ཁྱེར་དང་ས་ཁུལ་བཅས་ཀྱི་མི་སྣ་ངེས་པར་དུ་ཡོང་དགོས་པ་མ་བྱུང་ན་ཟི་ལིང་ལ་མི་ཡོང་བ་དང་། ངེས་པར་དུ་ཡོང་དགོས་ཚེ་འབྲེལ་ཡོད་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། མི་སྣ་འགྲོ་སྐྱོད་བྱེད་ཚད་སྔར་བས་ཉུང་དུ་གཏོང་བ་དང་། དགོས་གལ་མེད་ན་ཟི་ལིང་དང་འབྲལ་མི་རུང་།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ8པའི་ཚེས28ཉིན།