རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཐད་ཤུགས་བསྣན།
2022.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

བསྟུད་མར་ཉིན་འགའི་རིང་ལ།    རིམས་འགོག་དང་ཆུ་ལོག་སྔོན་འགོག་གི་ཚོད་བགམ་ཆེན་པོ་གཉིས་ལ་ཁ་གཏད་དེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་ཕྱོགས་ལ་ཤུགས་བསྣན་པ་དང་། བྱ་བའི་སྔོན་དཔག་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་ལ།   མྱུར་དུ་གནད་ཕིགས་འགུལ་སྐྱོད་སྤེལ་ཏེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཐད་འགན་སྲུང་ཡག་པོ་བྱས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ཁྱོན་ཡོངས་ལྟ་སྐུལ་དོ་དམ་ཤུགས་ཚད་ཆེ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་རིམས་ནད་འགོག་སྡོམ་དང་ཆུ་ལོག་སྔོན་འགོག་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།   སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དུས་ཐོག་ཏུ་རུ་ཁག་ཁྲིད་དེ་འཐུང་ཆུའི་མགོ་ཁུངས་དང་བཙོག་ཆུ་ཐག་གཅོད་བཟོ་གྲྭ།   སྨན་བཅོས་བེད་མེད་དངོས་པོ་ཐག་གཅོད་ལྟེ་གནས། འཚོ་བའི་གད་སྙིགས་སྦས་ས་སོགས་ཆུ་དང་འབྲེལ་བ་ཡོད་པ་དང་རིམས་འགོག་དང་འབྲེལ་བ་ཡོད་པའི་སྡེ་ཁག་དང་ཁེ་ལས་སུ་སོང་ནས་སྦགས་བཙོག་འགོག་བཅོས་སྒྲིག་ཆས་འཁོར་སྐྱོད་དང་ཁོར་ཡུག་འཕྲལ་བསྟུན་དོགས་ཟོན་བྱེད་ཐབས་དོན་འཁྱོལ།    ཉེན་ཁ་ཆེ་བའི་བེད་མེད་དངོས་རྫས་དོ་དམ་དང་སྨན་བཅོས་བེད་མེད་དངོས་རྫས་བསྡུ་ཉར་དང་ཐག་གཅོད་སོགས་གནས་ཚུལ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། མིག་སྔར།  བསྡོམས་པས་ལྟ་ཞིབ་ཚད་ལེན་མི་སྣ་མི་ཐེངས་བདུན་ཅུ་མངག་སྟེ་ས་ངོས་ཆུ་ལ་ལྟ་ཞིབ་ཚད་ལེན་ཐེངས་དགུར་བྱས་པ་དང་རྫོང་རིམ་པ་དང་དེའི་ཡན་གྱི་འཐུང་ཆུའི་འབྱུང་ཡུལ་དུ་ལྟ་ཞིབ་ཚད་ལེན་ཐེངས་དྲུག་དང་ཞིང་སྡེའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་ཐེངས་བཅུ་གཉིས།   རྒྱལ་ཁབ་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཐད་ལྟ་ཞིབ་ཚད་ལེན་ཐེངས་དགུ་བཅས་བྱས།

                                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།