མཚོ་སྔོན་ཞིང་ཆེན་གྱིས་ཞོད་འགོག་ཉེན་སེལ་བྱ་བ་སོ་སོ་སྟོབས་ཤུགས་ཡོད་རྒུས་བཟང་བོར་བསྒྲུབས།
2022.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན།    གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།    བསྟུད་མར་ཉིན་འགའི་རིང་ལ།  ཞིང་ཆེན་ཡོངས་སུ་ཆར་བ་བབས་པའི་གཞི་ཁྱོན་རྒྱ་ཆེ་བ་དང་ས་ཁུལ་ཁ་ཤས་སུ་ཆར་བ་དྲག་པོ་བབས་པས་ཞོད་འགོག་རོགས་སྐྱོབ་གྱི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ།    ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཉེན་ཁ་ཆེ་གྲས་འགོག་སྲུང་ནན་མོ་བྱས།   གྲོང་ཁྱེར་དང་ཁུལ་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་དང་།    ཆུ་ལོག་ཆེན་པོ་སྔོན་འགོག་དང་ཉེན་ཁ་ཆེན་པོ་བཀག་འགོག    གནོད་འཚེ་ཆེན་པོ་སེལ་བ་བཅས་ལ་རྐང་འཛུགས་པ།   བྱ་བ་ནན་མོར་སྒྲུབ་པ།   སྟོབས་ཤུགས་ཡོད་རྒུས་ཞོད་འགོག་རོགས་སྐྱོབ་བྱ་བ་སོ་སོ་བཟང་བོར་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།    གྲོང་ཁྱེར་དང་ཁུལ་སོ་སོས་ཞོད་འགོག་རོགས་སྐྱོབ་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི།  ལས་རིགས་འགན་འཁྲི།   སྡེ་ཁག་གི་འགན་འཁྲི་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་བྱུང་དང་འཕྲལ་བསྟུན།   ཆུ་བེད།   གནམ་གཤིས་སོགས་ཁོངས་གཏོགས་སྡེ་ཁག་རྩ་འཛུགས་བྱས་ནས་འགན་སྒྲུབ་ནན་མོ་དང་བྱེད་ཐབས་ཞིབ་ཕྲ་ཅན་དུ་བཏང་བ་དང་།    ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་བློ་བརྟན་འགྱུར་མེད་ཀྱིས་ཁྱད་སེལ་བྱས་ཏེ་འགན་འཁྲི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ། གཞིས་ཁུལ། ཁྱིམ་ཚང་དང་མི་རེ་རེའི་སྟེང་དོན་འཁྱོལ་བྱས།   དུས་ཐོག་ཏུ་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་ཐད་ཀྱི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་དྲག་ཆར་འགོག་སྲུང་གི་བྲེལ་མྱུར་བརྡ་ཐོ་པར་འགྲེམ་བྱས་པ་དང་།  དེང་རབས་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་སྤྱད་དེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཞབས་ཞུའི་བྱ་བ་བཟང་བོར་སྒྲུབ་ནས་ཞོད་འགོག་ཉེན་སེལ་འགོག་སྲུང་བྱ་བ་བཟང་བོར་བསྒྲུབས།   ཡུལ་ཚོ་དང་གྲོང་རྡལ། སྡེ་བ། གཞིས་ཁུལ་གྱིས་སྔོན་བརྡ་གཏོང་བ་དང་སྐོར་ཞིབ་བྱེད་པ།   གནས་སྤོར་བ།   རོགས་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། ཞོད་འགོག་ཉེན་སེལ་བྱེད་ཐབས་དོན་དོན་འཁྱོལ་ནན་མོ་བྱས་ཏེ་བྱ་བ་དོན་འཁྱོལ་དང་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པར་འགན་སྲུང་བྱས།

                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།