“ཀྲུང་གོའི་ལོ་ངོ་བཅུ། མཚོ་སྔོན”ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལ་རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།
2022.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“ཀྲུང་གོའི་ལོ་ངོ་བཅུ། མཚོ་སྔོན”ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། ཉིན་དེར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་མང་པོ་བརྒྱུད་དེ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐད་གཏོང་བྱེད་པར་ཉན་པ་དང་བལྟས་རྗེས། ཚང་མས་གཅིག་གྱུར་སྒོས་བཤད་དོན། བཞུད་ལམ་གསར་པའི་སྟེང་དུ་ནམ་ཡང་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་སྔར་ལས་གྲུབ་འབྲས་གསར་བ་ལེན་པ། ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། གསར་སྐྲུན་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དག་གཙང་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མ་ཟད་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་ངེས་ཡིན་ཟེར།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་གསར་གྱི་སྡེ་མི་ལིས་ཧྲིན་པོ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐད་གཏོང་བྱེད་པར་ཉན་རྗེས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པན་ཡན་སྡེ་བར་ཕེབས་སྐབས། ང་ཚོའི་སྡེ་གསར་འཛུགས་སྐྲུན་བྱེད་པའི་སྒང་ཡིན་ལ། ཨར་འདམ་བཏིང་བའི་གཞུང་ལམ་ད་དུང་མེད། ལོ་འདི་དག་གི་རིང་ལ་འཕེལ་རྒྱས་སུ་སོང་བར་བརྟེན། ང་ཚོའི་འཚོ་བར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཁྱིང་ཚང་རེ་རེར་དྭངས་ཤིང་གཙང་བའི་རང་འབབ་ཆུ་འཐེན་པ། དག་གཙང་ནུས་ཁུངས་ཀྱི་རང་བྱུང་སོལ་རླངས་བཀོལ་བཞིན་ཡོད། ང་ཚོའི་ཁྱིམ་ཚང་རེ་རེར་རང་ཉིད་ཀྱི་ཐོན་ལས་ཡོད་པ་དང་། སྡེ་དམངས་ཀྱི་འཚོ་བ་སྔར་ལས་ཇེ་སྐྱིད་དུ་སོང་ཡོད་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། འབྲོག་པ་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་བ་དང་། འཚོ་བ་ཉིན་རེར་ཇེ་སྐྱིད་རེད། ལོ་བཅུ་ལྷག་གི་ཡར་སྔོན་ལ། འབྲོག་མི་བསོད་ནམས་ཚེ་རིང་ཚང་སྤྱི་ལེ་བཅུ་ལྷག་ཡོད་པའི་འབྲོག་ཁུལ་ནས་དཀོན་ལོ་གོང་མ་སྡེ་བའི་གཏན་སྡོད་བྱེད་སར་གནས་སྤར་ཏེ། གྱོ་མོག་གི་ལས་པའི་འདུག་ཁང་དུ་བསྡད་པ་དང་། ཁང་བའི་ནང་དུ་བརྙན་འཕྲིན་དང་འཁྱག་སྒམ། ལྭ་འཁྲུ་འཕྲུལ་ཆས་སོགས་དེང་རབས་ཅན་གྱི་གློག་ཆས་ཆ་ཚང་ཡོད། བསོད་ནམས་ཚེ་རིང་གིས་བཤད་རྒྱུར། ང་ནི་ད་ལྟ་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ཡིན་པ་དང་། ཆུང་མ་གཡུང་དྲུང་སྐྱིད་ནི་སྡེ་བའི་དག་སྲུང་པ་ཡིན། ང་གཉིས་ལ་ཟླ་ཕོགས་ཀྱི་ཡོང་སྒོ་སྒོར་ཁྲི་གཉིས་ལྷག་ཡོད་པ་དང་། ཕྱུགས་ཟོག་གི་ཐད་ནས་ལོ་རེར་ཡོང་སྒོ་སྒོར་ཁྲི་བཞི་ལྔ་རེ་ཡོད་པས། ད་སྐབས་འཚོ་བ་ཧ་ཅང་སྐྱིད་པོ་རེད་ཟེར།

པེ་ཅིང་དུ་ཡོད་པའི་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཅིན་ཝུན་ལ་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམས་པའི་སྤྱི་ཞབས་པའི་གཟི་བརྗིད་མཚན་སྙན་ཐོབ། ཁོས་པེ་ཅིང་དུ་ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐད་གཏོང་ལ་བལྟས་རྗེས་བཤད་རྒྱུར། སྔོན་ཆད་ལོ་གང་མང་ལ་གཞི་རིམ་དུ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱས་པའི་ཁོ་ལ་མཚོན་ན་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱས་པའི་ཐད་ནས་མྱོང་ཚོར་ཟབ་མོ་ཞིག་ཡོད་དེ། ལོ་འདི་དག་གི་རིང་ལ་ང་ཚོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ནས། དཀའ་ཁག་ཁྱད་སེལ་དང་གསར་གཏོད་གསར་སྐྲུན་བྱས་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་དབང་གིས་འབྲོག་མི་ཁྲི་སྟོང་མང་པོ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པར་གྱུར་ནས་མཛེས་པའི་རི་ཀླུང་ཐམས་ཅད་གཏན་སྲུང་བྱེད་བཞིན་ཡོད་ཟེར།

                                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།