མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཧུར་ཐག་གིས་སྲུང་སྐྱོབ་བྱེད་དགོས། 
2022.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཆུ་ལོག་སྔོན་འགོག་དང་ཐན་འགོག་བཀོད་འདོམ་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་གཙོ་བོ་ཟི་ལིང་གྲོང་ཁྱེར་ཀྲང་ཅཱ་ཝན་དང་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞཱ་གྲོང་རྡལ་གྱི་རི་ཉིལ་བའི་ས་གཤིས་གནོད་འཚེ་དང་། མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཙོང་ཆུའི་ཅིན་ཞིན་ཆུ་གློག་ས་ཚིགས་སྟོད་བརྒྱུད་ཀྱི་མཐུན་སྒྲིལ་སྡེ་བའི་བཙོག་ཆུའི་ཐག་གཅོད་ས་ཚིགས་ཀྱི་ཆུ་རགས་ཀྱི་གས་སྲུབས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་རྡལ་ར་ཕྱུག་གོང་མ་ཡུལ་ཚོའི་འདམ་གསེག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུང་ཞི་ཐེ་ཡཱ་མཚོ་ཡི་འཕྲལ་སྒྲུབ་ཆུ་དབྱེ་ཐག་གཅོད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དེའི་ཞོར་དུ་ཉེ་སྔོན་གྱི་ནམ་ཟླའི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་བསྡུར་བྱས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆུ་ལོག་སྔོན་འགོག་དང་ཉེན་ཁའི་སྔོན་འགོག གནོད་འཚེའི་རྒུད་སྐྱོབ་བཅས་ལ་རྐང་བཙུགས་ཏེ་ཆར་ཆུ་དྲག་པོའི་དོགས་ཟོན་བྱ་བ་དམ་འཛིན་བྱེད་དགོས། བསྟུད་མར་ཆར་བ་བབས་པ་ལས་བྱུང་བའི་གནོད་འཚེ་རིགས་སྣ་ཚོགས་ཐག་གཅོད་བྱེད་པར་མཐོང་ཆེན་བྱས་ནས། ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་སྣང་མེད་དང་སྟས་དབང་གི་འདུ་ཤེས་ཡོད་མི་རུང་བ་དང་། མུ་མཐུད་དུ་ཟླ་དགུ་བའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་གྱི་ཆར་བ་དྲག་པོའི་བརྒྱུད་རིམ་ལ་དོགས་ཟོན་བྱེད་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་དགོས་པ་དང་། མུ་མཐུད་དུ་རང་བྱུང་གནོད་འཚེའི་རྩད་ཞིབ་དང་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབས་པ་དང་། ཁྱད་པར་དུ་ཉེན་བརྡ་གཏོང་བ་དང་བདེ་འཇགས་ས་ཁུལ་དུ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས། ཐལ་དྲགས་གནས་ཚུལ་འོག་གི་མི་སྣའི་ཤི་རྨས་སྔོན་འགོག་བྱེད་དགོས་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་མགོ་ཁྲིད་གཙོ་བོ་དག་གིས་སྣེ་ཁྲིད་དེ་གནོད་ཐེབས་ཡུལ་དངོས་སུ་སོང་ནས། ཐོག་མའི་རྒྱུ་ཆ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ་གནོད་འཚེ་ཡང་བསྐྱར་འབྱུང་བར་འགོག་སྲུང་ནན་མོ་བྱེད་དགོས་པའི་རེ་བ་བཏོན། 

ཆུ་ལོག་སྔོན་འགོག་དང་གནོད་འགོག རིམས་འགོག་སོགས་ཀྱི་གནོན་ཤུགས་མང་བོ་བརྩེགས་མར་ཡོད་པའི་གནས་ཚུལ་འོག བདེ་འཇགས་ཐོན་སྐྱེད་བྱ་བ་ལྷོད་ཡངས་མི་བྱེད་པར་དམ་འཛིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་བྱེད་པ། རྫས་འགྱུར་བཟོ་ལས་དང་གཏེར་ཁ་སོགས་ཉེན་ཁ་ཆེ་བའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་རྟོག་དམ་དམ་བྱ་བ་གནད་དུ་བཟུང་ནས་བཟང་བོར་བསྒྲུབས་པ་དང་། བཟོ་སྐྲུན་ལས་ཡུལ་སོགས་ཀྱི་ལས་མཚམས་བཞག་པའི་སྐབས་ཀྱི་བདེ་འཇགས་སློབ་གསོའི་བྱ་བ་བཟང་བོར་བསྒྲུབས་པ། ཞིང་སྡེའི་ཁང་བའི་བདེ་འཇགས་རྩད་ཞིབ་བྱ་བ་བཟང་བོར་བསྒྲུབས་ཏེ། གཙོ་བོ་ཁྱབ་ཁོངས་དང་གནས་གཙོ་བོའི་ཉེན་ཁའི་སྔོན་འགོག་བརྡར་གཅོད་བྱ་བར་ཤུགས་སྣོན་སྒོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་དགོས། 


བསོད་ནམས་ཚེ་རིང་གིས་བསྒྱུར།