ཡུས་ཧྲུའུ་ཁུལ་གྱི་སྒྲོམ་ཚང་སྨན་ཁང་ཐོག་མ་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས།
2022.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

རིམས་ནད་འགོག་སྡོམ་འཕྲལ་བསྟུན་ཐག་གཅོད་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ་དང་། ནད་པར་སྨན་བཅོས་བྱེད་པའི་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱེད་ཆེད། ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྒྲོམ་ཚང་སྨན་ཁང་ཐོག་མ་ནང་ཆེན་རྫོང་ཞང་མདའ་གྲོང་རྡལ་ནས་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་དང་། མིག་སྔར་ཉལ་ཁྲི་ཉིས་བརྒྱ་དང་ང་གཅིག་བཀོད་སྒྲིག་བྱས་ཡོད།

ནང་ཆེན་རྫོང་སྒྲོམ་ཚང་སྨན་ཁང་ནི་དམངས་ཡོངས་ལུས་སྦྱོང་ལྟེ་གནས་བསྒྱུར་བཀོད་བྱས་ནས་དུས་ཚོད་དྲུག་བཅུ་སྤྱད་དེ་འཛུགས་སྐྲུན་བྱས་པ་ཡིན་ལ། བསྡོམས་པས་ཐོག་རིམ་གསུམ་ཡོད། མིག་སྔར། སྒྲོམ་ཚང་སྨན་ཁང་ནང་གཞི་རྩའི་སྒྲིག་ཆས་ཆ་ཚང་བ་དང་། གནས་གསུམ་དང་བགྲོད་ལམ་གཉིས་བཀོད་སྒྲིག་བྱས་ཟིན་ལ། ཞིང་ཆེན་བཀོད་འདོམས་པུའུ་མདུན་ཕྱོགས་བྱ་བའི་ཚན་ཆུང་གིས་མཐུན་སྦྱོར་ངང་བཀོད་སྒྲིག་བྱས་པའི་ཆེད་མཁས་མི་སྣ་དང་སྨན་བཅོས་མི་སྣ། ནང་ཆེན་རྫོང་གི་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་མི་སྣ་དང་དོ་དམ་མི་སྣ་སོགས་དངོས་སུ་སྨན་ཁང་དུ་བཅའ་སྡོད་བྱས་ཡོད། ནད་པ་དང་ལེན་སྨན་བཅོས་བྱེད་པའི་གནས་ཚུལ་ལ་གཞིགས་ནས། ནང་ཆེན་རྫོང་གིས་ད་དུང་རིམ་པ་བཞིན་སྨན་བཅོས་མི་སྣ་མངག་ནས་བྱ་བ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྒྲོམ་ཚང་སྨན་བཅོས་བཀོལ་སྤྱོད་བྱས་རྗེས། གཙོ་བོར་པྲོག་གསར་རིམས་ནད་འགོས་པའི་ནད་རྟགས་མི་མངོན་པའི་ནད་པར་སྨན་བཅོས་བྱེད་རྒྱུ་རེད།

                                                                                 ཡིག་བསྒྱུར་བ་རིན་ཆེན་མཚོ།