མཚོ་ལྷོས་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་སུ་བཏང་སྟེ་དམངས་ཚིས་ལ་འགན་སྲུང་བྱས།
2022.09.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁུལ་ཡོངས་ཀྱི་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མྱུར་དུ་བྱེད་ཐབས་སྤྱད་དེ་རིམས་ནད་འགོག་སྡོམ་དང་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་གཏོང་རྒྱུ་དེ་བྱ་བ་གཙོ་བོར་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་སྐབས་ཀྱི་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་བྱ་བ་བཟང་བོར་བསྒྲུབས།

མཚོ་ལྷོ་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རིམས་ནད་འགོག་སྡོམ་བྱ་བའི་རྐྱེན་སྲོལ་དང་འཕྲལ་བསྟུན་ཐག་གཅོད་རྐྱེན་སྲོལ་ཁྱོན་ཡོངས་ནས་མཐོར་འདེགས་བཏང་བ་དང་། རིམས་ནད་འགོག་སྡོམ་གྱི་དངོས་ཟོག་དང་སྨན་རྫས། དུག་སེལ་དངོས་ཟོག་དང་འབྲུ་སྣུམ་དང་ཤ་སྒོང་། སྔོ་ཚལ། འོ་མ་སོགས་སྡོད་དམངས་ཀྱི་འཚོ་བའི་ཉེར་མཁོ་དངོས་རྫས་ཀྱི་ཚོང་རའི་རིན་གོང་འགུལ་རྣམ་ལ་དོ་སྣང་ཆེན་པོ་བྱས་ལ། འབེལ་ཉོ་དཀོན་འཚོང་དང་དངོས་གོང་ཧམ་སྤར། ཚོང་རའི་སྒྲིག་ལམ་དཀྲུག་པ་སོགས་ཁྲིམས་འགལ་ཚོང་གཉེར་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱས་ཏེ། གཏན་འཇགས་དང་གོ་རིམ་ལྡན་པའི་ཚོང་རའི་རིན་གོང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས། མིག་སྔར། ཁུལ་ཡོངས་ཀྱི་འབྲུ་སྣུམ་ཤ་སྒོང་དང་འོ་མ། སྔོ་ཚལ། སིལ་ཏོག་སོགས་འཚོ་བའི་ཉེར་མཁོ་དངོས་རྫས་དང་སྨན་རྫས། རིམས་འགོག་དངོས་ཟོག་ཚོང་རའི་ཉར་གསོག་ཕུན་སུམ་ཚོགས་པ་དང་མཁོ་འདོན་རྒྱུན་ལྡན་ཡིན་ལ། རིན་གོང་འཕར་ཆག་གི་ཚད་འོས་འཚམ་གྱི་བར་སྟོང་དུ་གནས་ཡོད་པ་དང་། སྤྱིའི་ཆ་ནས་གཏན་འཇགས་ཡིན། མཚམས་ཆད་པ་དང་ཚོང་ཚར་བ། རིན་གོང་འཕར་ཆག་ཆེ་བ་སོགས་ཀྱི་སྣང་ཚུལ་གཅིག་ཀྱང་བྱུང་མེད།

རིན་ཆེན་མཚོས་བསྒྱུར།