མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་དེང་སྐབས་ཞིང་ཕྱུགས་ལས་ཀྱི་གནོད་འགོག་གནོད་སེལ་དང་རོང་འབྲོག་ཕྱོགས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ་འགྲེམ་སྤེལ་བྱས།
2022.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། དེང་སྐབས་ཞིང་ཆེན་ཡོངས་སུ་ཆར་བ་དྲག་པོ་འབབ་ཐེངས་མང་བ་དང་། པྲོག་གསར་གློ་ཚད་རིམས་ནད་ས་ཆ་གང་མང་དུ་འགོས་ཁྱབ་འགྲོ་བའི་གནས་བབ་ཛ་དྲག་ཆེ་བར་དམིགས་ཏེ། ཟླ་དགུ་པའི་ཚེས་གཅིག་ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་དེང་སྐབས་ཞིང་ཕྱུགས་ལས་ཀྱི་གནོད་འགོག་གནོད་སེལ་དང་རོང་འབྲོག་ཕྱོགས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ་འགྲེམ་སྤེལ་བྱས་ནས། འགན་འཁྲི་དངོས་འབེབས་དང་རིམས་ནད་འགོག་སྡོམ། ཉེན་བརྡ་གཏོང་བ་དང་དོགས་ཟོན་བྱེད་པ། འཕྲལ་བསྟུན་གྲ་སྒྲིག བདེ་འཇགས་ཐོན་སྐྱེད། གླེང་ཕྱོགས་སྣེ་ཁྲིད། ལས་རེས་གཏན་སྲུང་བཅས་ཕྱོགས་བདུན་ནས་ཡང་བསྐྱར་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་གནོད་འགོག་གནོད་སེལ་དང་རོང་འབྲོག་ཕྱོགས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱས།

བརྡ་ཐོའི་ནང་བསྟན་དོན། ས་གནས་སོ་སོའི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་འགན་འཁྲིའི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་གནོད་འགོག་གནོད་སེལ་དང་རོང་འབྲོག་ཕྱོགས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་དེ་དེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བྱེད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོ་སྤྱི་ཁྱབ་བཀོད་འདོམས་པ་ཡིན་པའི་བཀོད་འདོམས་པུའུ་འཛུགས་པ། ལས་བྱེད་པས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་ལ་མཉམ་འབྲེལ་བྱེད་པའི་འཐབ་ཕྱོགས་དང་པོའི་བྱ་བའི་རྐྱེན་སྲོལ་བཙུགས་ནས། ཁྱོན་ཡོངས་ལ་གཅིག་གྱུར་སྒོ་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་། རིམ་པ་བཞིན་འགན་འཁྲི་དང་ལེན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་གནོད་འགོག་གནོད་སེལ་དང་རོང་འབྲོག་ཕྱོགས་ཀྱི་རིམས་ནད་འགོག་སྡོམ་ཐད་ནས་ནོར་བ་གཏན་ནས་མེད་པ་འགན་སྲུང་བྱེད་དགོས།

གནོད་འགོག་གནོད་སེལ་ཕྱོགས་ནས། དུས་ཐོག་ཏུ་གནོད་འཚེ་ཐེབས་པར་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཉེན་བརྡ་གཏོང་བ། སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་སྒྲོག་བྱེད་པ་དང་། ཞིང་སྡེ་སྡོད་ཁང་གི་རྟེན་གཞི་དང་ཞིང་ཁྱིམ་གྱི་སྤྱོད་ཁང་། གསོག་འཇོག་འཁོར་སྐྱོད་སྒྲིག་ཆས། གསོ་སྤེལ་ར་བ། ཉ་ལས་སྒྲིག་ཆས། ཞིང་ཁའི་གཞུང་ལམ། ཞིང་སའི་ཆུ་བེད་སྒྲིག་ཆས། ཞིང་བའི་སྤྲོ་སྐྱིད་གླིང་སོགས་ཁུལ་ཁོངས་གཙོ་བོའི་བདེ་འཇགས་ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་དགོས་ལ། དྲོད་ཁང་དང་ཕྱུགས་ཁང་། གཟན་ཆས་གསོག་འཇོག་ཁང་། དེ་མིན་ཉ་གསོ་ཆུ་རགས་སོགས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཆུ་མ་ཡོང་གོང་གི་རགས་ལྟར་དུས་ཐོག་ཏུ་ཉེན་ཁ་གཙང་སེལ་བྱེད་དགོས།

བདེ་འཇགས་ཐོན་སྐྱེད་ཕྱོགས་ནས། ཞིང་སའི་འཛུགས་སྐྲུན་བཟོ་སྐྲུན་ཨར་ལས་དང་ཞིང་སའི་འཛུགས་སྐྲུན་བཟོ་སྐྲུན་འཁོར་སྐྱོད་བཀོལ་སྤྱོད་བདེ་འཇགས་ལ་སྐོར་ཞིབ་བྱས་པ་བརྒྱུད་དེ། ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་དང་རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ཞིང་ལས་འཕྲུལ་ཆས་ཀྱི་ཐོན་སྐྱེད་བདེ་འཇགས་འགོག་སྲུང་དང་གནད་དོན་ལ་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་ལ་ཕྱིར་ལྟ་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ཞིང་ཕྱུགས་ལས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་མཐུད་སྒོས་བརྟན་འཇགས་སུ་འགྲོ་བ་འགན་སྲུང་བྱེད་དགོས།

རིམས་ནད་འགོག་སྡོམ་ཕྱོགས་ནས། རྒྱུན་མཐུད་སྒོས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དངོས་འབེབས་བྱས་ཏེ། འགོག་སྡོམ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་ཕྱུགས་ལས་ཐོན་སྐྱེད་དང་ཞིང་ཁའི་འདེབས་འཛུགས། ཞིང་ལས་དངོས་རྫས་སྐྱེལ་འདྲེན། ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་། རོང་འབྲོག་མང་ཚོགས་ཞོར་ལས་ལ་འགྲོ་བ་སོགས་ལ་བར་ཆད་མི་བཟོ་བ་དང་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུན་ལྡན་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆུང་གཏོང་དགོས།

བརྡ་ཐོའི་ནང་དུ་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་དུས་ཚོད་ཉེར་བཞིའི་རིང་གི་ལས་རེས་ལམ་ལུགས་དང་འགོ་ཁྲིད་པའི་ལས་རེས་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། འཕྲལ་བསྟུན་ནུས་འདོན་རྐྱེན་སྲོལ་དང་འཕྲལ་བསྟུན་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྔ་མོ་ནས་དོགས་ཟོན་ཁ་གཏད་འཇལ་བའི་བྱེད་ཐབས་སྤྱོད་དགོས། ཞིང་ལས་དང་འབྲེལ་བའི་གླེང་ཕྱོགས་དང་ཉིན་ཁར་ཞིབ་འཇུག་བརྡར་གཅོད་བྱེད་པར་ཤུགས་སྣོན་པ་དང་། ཧུར་ཐག་སྒོས་རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་དེ་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཚད་མཐོན་པོའི་སྒོ་ནས་རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།