མཚོ་ནུབ་ཁུལ་གྱིས་ཁྱོན་ཡོངས་ནས་རིམས་ནད་འགོག་སྡོམ་དངོས་ཟོག་ཉར་གསོག་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།
2022.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

རིམས་ནད་བྱུང་བའི་ཚུན་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་འགོག་སྡོམ་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་པ་དང་། བཀོད་གཏོང་ལེགས་བསྒྱུར་བྱས་ལ། སྨན་བཅོས་དང་འཚོ་བའི་དངོས་ཟོག་ཉར་གསོག་འགན་སྲུང་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབས།

སྨན་བཅོས་དང་འཚོ་བའི་དངོས་ཟོག་ཉར་གསོག་གི་ཉིན་རེའི་ལྟ་ཞིབ་ཡར་ཞུ་ལམ་ལུགས་ལག་བསྟར་བྱས་པ་དང་། དངོས་ཟོག་ཉར་གསོག་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས། ཁུལ་བཟོ་འཕྲིན་ཅུའུ་ཡིས་འགོ་ཁྲིད་དེ་དངོས་ཟོག་འགན་སྲུང་ཚན་ཆུང་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་། ནོར་སྲིད་སྡེ་ཁག་གིས་ས་ཁུལ་བདུན་གྱི་རིམས་ནད་འགོག་སྡོམ་ཆེད་སྤྱོད་གྲོན་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་བྱིན་ལ། ཚོང་དོན་སྡེ་ཁག་གིས་ཚོང་རྫས་འགོ་ཁུངས་རྩ་འཛུགས་སོགས་ཕྱོགས་ནས་འཚོ་བའི་ཉེར་མཁོ་དངོས་རྫས་དང་གྲུབ་རྫས་སྣུམ་གྱི་ཚོང་རའི་མཁོ་འདོན་འགན་སྲུང་བྱ་བ་སྤེལ་བ་དང་། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་ནད་འགོག་སྡོམ་འཕེལ་རྒྱས་ཀྱི་གནས་བབ་ལྟར། ཉར་གསོག་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟའི་སྨན་རྫས་སོགས་ཉར་གསོག་བྱ་བ་བཟང་བོར་བསྒྲུབས།

མཚོ་ནུབ་ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་འཕྲལ་བསྟུན་སྨན་བཅོས་དངོས་ཟོག་གི་ཉར་གསོག་དང་མཁོ་འདོན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ། རིམས་ནད་བྱུང་བའི་ཚུན་དུ། བསྡོམས་པས་འགོག་སྲུང་དངོས་རྫས་འབུམ་གསུམ་དང་ཁྲི་གསུམ་སྟོང་དྲུག་བརྒྱད་བརྒྱ་དང་། ཉིང་སྐྱུར་ཚོད་ལྟའི་སྨན་རྫས་ཁྲི་བཞི་དང་སྟོང་གསུམ། པྲོག་གསར་གློ་ཚད་རིམས་ནད་བརྟག་དཔྱད་ཚོད་ལྟའི་སྨན་རྫས་ཁྲི་གསུམ་དང་སྟོང་དགུ་བཞི་བརྒྱ་འདོན་སྤྲོད་བྱས། མིག་སྔར། ཁུལ་ཡོངས་ཀྱི་སྨན་བཅོས་རིམས་འགོག་དངོས་ཟོག་གིས་སྐོར་ཐེངས་མང་པོའི་མི་ཡོངས་ཉིང་སྐྱར་བརྟག་དཔྱད་དང་རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱི་འཁོར་རྒྱུག་གི་དགོས་མཁོ་སྐོང་ཐུབ།

འཚོ་བའི་ཉེར་མཁོའི་ཐོན་རྫས་ཀྱི་ཉིན་རེའི་བརྟག་དཔྱད་བྱ་བ་རྒྱུན་མཐུད་ངང་སྤེལ་བ་དང་། སྣ་འཛོམས་ཚོང་ཁང་དང་ཞིང་ཞོར་ཐོན་རྫས་ཚོང་རའི་འཚོ་བའི་ཉེར་མཁོའི་དངོས་རྫས་རིགས་སྣ་བཅུ་གཉིས་ཀྱི་མཛོད་ཉར་དང་ཉོ་འཚོང་། འགྲུལ་སྐྱེལ། རིན་གོང་སོགས་ལ་དོ་སྣང་བྱས། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་སྣ་འཛོམས་ཚོང་ར་དང་ཞིང་ཞོར་ཐོན་རྫས་ཚོང་ར་སོ་དགུ་དང་ཤ་རིགས་ཐོན་སྐྱེད་ཚོང་གཉེར་ཁེ་ལས་བདུན་གྱི་མཛོད་གསོག་འབྲུ་སྣུམ་ཏུན་སུམ་བརྒྱ་དང་རེ་བདུན་ལྷག་དང་། སྔོ་ཚལ་ཏུན་ལྔ་བརྒྱ་དང་གྱ་བཞི་ལྷག ཟས་སྣུམ་ཏུན་རེ་ལྔ། ལུག་ཤ་དང་ནོར་ཤ་ཏུན་བརྒྱ་དང་ཉེར་བཞི་ལྷག ཕག་ཤ་ཏུན་བརྒྱ་དང་བཅོ་ལྔ་ལྷག་བཅས་ཡོད་ལ། སྲིད་གཞུང་གི་ཉར་གསོག་མཛོད་ཀྱི་གསོག་ཚད་ནོར་ལུག་ཤ་ཏུན་བརྒྱ་དང་ཞེ་གཅིག་ལྷག་དང་ཕག་ཤ་ཏུན་བརྒྱ་དང་བཅུ་གཉིས་ལ་སླེབས་ཡོད།