རང་ཞིང་གིས་རིམས་ནད་སྐབས་ཀྱི་ཞིང་ལས་འཕྲུལ་ཆས་བཀོལ་ནས་སྟོན་བསྡུ་བའི་བྱ་བར་འགན་སྲུང་བྱས། 
2022.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མིག་སྔར་རང་ཞིང་གིས་རིམས་ནད་འགོག་སྡོམ་གྱི་གནས་བབ་ཛ་དྲག་དང་རྙོག་འཛིང་ལྡན་ལ། སྟོན་ཁའི་འབྲུ་རིགས་ཐོན་སྐྱེད་ཀྱི་གནད་འགག་གི་དུས་སྐབས་སུ་བསླེབས་ཡོད། སྟོན་ཁའི་འབྲུ་རིགས་བསྡུ་ལེན་བྱ་བར་འགན་སྲུང་བྱེད་ཆེད། ཉེ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམ་པུའུ་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་སྡེ་ཁག་གིས་མཉམ་འབྲེལ་གྱིས་རིམས་ནད་སྐབས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། རིམས་ནད་ཀྱི་འགོག་སྡོམ་དང་གནོད་འགོག་གནོད་སེལ། སྟོན་གྱི་ལོ་ཏོག་བསྡུ་ལེན་བཅས་ཀྱི་བྱ་བར་གཅིག་གྱུར་བཀོད་འདོམ་དང་དམ་འཛིན་བྱས་པ་དང་། དམངས་ལ་སྟབས་བདེ་བསྐྲུན་པའི་བྱེད་ཐབས་སྤྱད་ནས། ཞིང་ལས་འབྲེག་སྡུད་འཕྲུལ་ཆས་དག་བདེ་བླག་ངང་ལམ་དུ་བགྲོད་ཐུབ་པ་དང་ས་ཁོངས་བརྒལ་ནས་ཞབས་ཞུ་ཐུབ་པ། ཞིང་ཁར་སོང་ནས་འབྲེག་སྡུད་ཐུབ་པ་བཅས་ལ་འགན་སྲུང་བྱས་ཡོད། 

བརྡ་ཐོའི་ནང་དོན་ལྟར་ན། རང་ཞིང་གི་ས་ཁུལ་སོ་སོས་གནད་འཁེལ་དོ་དམ་ལག་བསྟར་དང་གོ་རིམ་ལྡན་པའི་འཁོར་རྒྱུག་ལ་འགན་སྲུང་བྱས་ཤིང་། ས་ཁོངས་བརྒལ་བའི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་དང་ཞིང་ལས་འཕྲུལ་ཆས་སྐྱེལ་འདྲེན་གྱི་འགན་ཁུར་བའི་རླངས་འཁོར་ཁ་ལོ་བར་དུས་ལྟར་ཉིང་བསྐྱུར་བརྟག་ནས་སོང་ཆོག་པའི་དོ་དམ་བྱེད་ཐབས་ལག་བསྟར་བྱས་པ་དང་། དུས་ཚོད་ཉེར་བཞིའི་རིང་གི་ཉིང་སྐྱུར་བརྟག་བཤེར་གྱི་སྲུབས་གཤིས་དཔང་ཡིག་ཡོད་པ་དང་བདེ་ཐང་བཤེར་རིས་ལྗང་མདོག་ཡིན་པ། ལུས་ཀྱི་དྲོད་ཚད་རྒྱུན་ལྡན་ཡིན་པའི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་འགྲོ་འོང་བྱེད་པ་དང་ཞིང་ཁར་འབྲེག་སྡུད་བྱེད་དུ་འཇུག་དགོས་ལ། ཐད་ཀར་དམིགས་སའི་ཡུལ་དུ་འགྲོ་བ་དང་འབྲེལ་འདྲིས་མེད་པར་ཞབས་ཞུའི་བྱེད་སྒོ་སྤེལ་དགོས། གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ལས་ཀ་བྱེད་པར་བཀག་རྒྱ་མེད་པར་ཁག་ཐེག་བྱས་ཏེ། ས་ཁོངས་བརྒལ་ནས་ཞིང་ལས་འཕྲུལ་ཆས་དང་དེའི་ལྷུ་ལག་སོགས་དངོས་རྫས་གཙོ་བོ་སྐྱེས་འདྲེན་བྱེད་དགོས་ན། འབྲེལ་ཡོད་ལས་རིམ་ལྟར་དུས་ལྟར་དངོས་རྫས་གཙོ་བོའི་སྐྱེལ་འདྲེན་ཆོག་མཆན་ལམ་ཐིག་སྟེར་བའི་འགྲོ་ལུགས་བསྒྲུབ་དགོས། ས་ཁོངས་བརྒལ་ནས་ལས་ཀ་བྱེད་པའི་དཔང་ཡིག་ཡོད་པའི་ཁྲིམས་མཐུན་ལུགས་མཐུན་གྱི་ལོ་ཏོག་འབྲེལ་སྡུད་འཕྲུལ་ཆས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་འབྲེལ་ཡོད་སྲིད་ཇུས་ལྟར་ལམ་གླ་མེད་པར་བཏང་ནས་མྱུར་མོར་བགྲོད་དུ་འཇུག་དགོས། མྱུར་བགྲོད་གཞུང་ལམ་གྱི་ལམ་ཁ་དང་གཞུང་ལམ་གཙོ་བོ་སོགས་ཀྱི་རིམས་འགོག་ཞིབ་བཤེར་ས་ཚིགས་ནས་ཞིང་ལས་འཕྲུལ་ཆས་ཀྱི་བཀག་མེད་རྒྱུ་ལམ་བཀོད་སྒྲིག་བྱས་ཏེ། སྔོན་ལ་ཞིབ་བཤེར་དང་སྔོན་ལ་བགྲོད་དུ་འཇུག་དགོས། 

དེའི་ཞོར་དུ་དུས་ལྟར་དགོས་མཁོ་རྒྱུས་ལོན་གསལ་བོ་བྱེད་པ་དང་ས་ཁོངས་བརྒལ་བའི་བཀོད་གཏོང་བྱ་བ་བཟང་བོར་བསྒྲུབས་ཏེ། ས་གནས་རང་གི་མཉམ་འབྲེལ་འབྲེག་སྡུད་འཕྲུལ་ཆས་ཀྱི་ཁ་གྲངས་དང་བཀོད་སྒྲིག་གནས་ཚུལ། ས་ཁུལ་གཞན་ནས་ནང་འདྲེན་བྱེད་དགོས་པའི་འཕྲུལ་ཆས་ཀྱི་ཁགྲངས་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ཁའི་ལོ་ཏོག་ཚང་མ་དུས་སྐབས་འོས་འཚམ་ནང་འབྲེག་སྡུད་ཐུབ་པར་འགན་སྲུང་བྱེད་དགོས་པར་མ་ཟད། ཞིང་ལས་འཕྲུལ་ཆས་ཀྱི་མཉམ་ལས་ཁང་དང་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་དག་ཞིང་ལས་ཐོན་སྐྱེད་ནང་འབད་པས་ཞུགས་པར་སྐུལ་སློང་གང་ལེགས་བྱེད་དགོས། ས་ཁུལ་སོ་སོའི་རིམས་ནད་བཀོད་འདོམ་དང་ཞིང་ལས་ཞིང་སྡེའི་སྡེ་ཁག འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་བཅས་ཀྱིས་ཆེད་མི་བཀོད་སྒྲིག་བྱས་ཏེ། ཞིང་ལས་འཕྲུལ་ཆས་ས་ཁོངས་བརྒལ་ནས་ལས་ཀ་བྱེད་པར་བྱ་བའི་ཁྲོད་བྱུང་བའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། དུས་ལྟར་སྤྱི་ཚོགས་ཡོངས་ལ་འབྲེལ་གཏུག་ཁ་པར་ཁྱབ་བསྒྲགས་བྱེད་དགོས། 


བསོད་ནམས་ཚེ་རིང་གིས་བསྒྱུར།