མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ།
2022.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དགུ་པའི་ཚེས་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་ཉིན་བརྒྱར་འབད་འཐབ་བྱེད་པ་དང་། མཁྲེགས་གཏོར་དུས་ཚིགས་ཀྱི་རྒྱལ་ཁ་ལེན་པའི་འགུལ་སྐྱོད་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། ཟླ་དགུ་པའི་ཚེས་གཅིག་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་བར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་ལས་ཁུངས་སུ་ཉིན་བརྒྱར་འབད་འཐབ་བྱེད་པ་དང་། མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པའི་འགུལ་སྐྱོད་སྤེལ་ནས། རིམས་ནད་འགོག་སྡོམ་དང་ཞིང་ལས་ཞིང་སྡེའི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་གཅིག་འདོམས་བྱེད་པ་དང་། ཐོན་སྐྱེད་གཏན་འཇགས་དང་ཡོང་སྒོ་གཏན་འཇགས་ངང་འཕར་སྣོན་བྱེད་པ། ལས་ཞུགས་གཏན་འཇགས་ཡོང་བར་ཤུགས་འདོན་པ། དལ་འགོར་མི་བྱེད་པ་གཉིས་དང་སྐུལ་འདེད་གཉིས་ལག་བསྟར་བྱས་ཏེ། ཞིང་ལས་ཞིང་སྡེ་ཁྱབ་ཁོངས་ཀྱི་ལོ་ཧྲིལ་བོའི་དམིགས་ཚད་གཙོ་བོ་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་གཏན་ཁེལ་བྱས།

ཇུས་གཞིའི་ནང་གྲོང་གསེབ་དར་སྤེལ་དང་ཕྱིར་གཏོང་ས་ཆ་འཛུགས་སྐྲུན་བྱེད་པ། ཐོན་སྐྱེད་བརྟན་འཇགས་དང་མཁོ་འདོན་འགན་སྲུང་། ཕྱུགས་ལས་ཐོན་སྐྱེད། ཐོན་སྐྱེད་དང་ཡོང་སྒོ་འཕར་སྣོན་བྱེད་པ། ལས་གཞི་འཛུགས་སྐྲུན་བྱེད་པ། བཅོས་སྒྱུར་གསར་སྐྲུན། གནོད་འགོག་གནོད་སྐྱོབ་དང་བདེ་འཇགས་གཏན་འཇགས་བཅས་ལས་འགན་གཙོ་བོ་དགུ་དང་ཡོངས་འགྲུབ་དམིགས་འབེན་གཏན་ཁེལ་གསལ་བོ་བྱས། དེའི་ཁྲོད། ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་ཕྱོགས་ནས། ད་ལོའི་ཚུན་དུ་སྐྱེ་ལྡན་ལྟ་ཞིབ་རྩྭ་ཐང་མུའུ་བྱེ་བ་གསུམ་ཡན་ར་སྤྲོད་བྱེད་རྒྱུ་ཡིན་པ་དང་། ལྷད་མེད་དང་སྐྱེ་ལྡན། ས་གནས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ལྔ་བཅུ་ཡན་གཏན་ཁེལ་བྱེད་རྒྱུ་རེད། ཕྱུགས་ལས་ཐོན་སྐྱེད་ཕྱོགས་ནས། ད་ལོར་ནོར་ལུག་གསོ་ཁ་ནས་བུད་ཚད་ས་ཡ་དགུ་ལས་བརྒལ་བར་ཁག་ཐེག་བྱེད་པ་དང་། ནོར་ལུག་གི་ལོ་ཧྲིལ་བོའི་གསོ་ཁ་ནས་བུད་ཚད་ན་ནིང་དང་བསྡུར་ན་སོ་སོར་བརྒྱ་ཆའི་གཉིས་དང་བརྒྱ་ཆའི་བཞི་ཇེ་མཐོར་གཏོང་བ་དང་། ད་ལོའི་གསོ་ཕག་གསོ་ཁ་ནས་བུད་ཚད་འབུམ་བདུན་དང་ཁྲི་བརྒྱད་ཡན་ལ་སླེབས་པར་ཁག་ཐེག་བྱེད་རྒྱུ་རེད། རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བའི་ཕྱོགས་ནས། མཐོ་བ་གཉིས་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་སྟེ། གཅིག་ནི་དབུལ་ཐར་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་འཕར་སྣོན་བྱེད་ཚད་དེ་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོའི་འཕར་སྣོན་ཚད་ལས་མཐོ་བ་དང་། གཉིས་ནི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་འཕར་སྣོན་གྱི་ཚད་དེ་རྒྱལ་ཡོངས་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོའི་འཕར་སྣོན་ལས་མཐོ་བར་བྱེད་རྒྱུ་རེད། བཅོས་སྒྱུར་གསར་སྐྲུན་ཕྱོགས་ནས། སྐྱེ་ཁམས་ཕྱུགས་ལས་ཀྱི་མཐོར་འདེགས་བསྒྱུར་བཀོད་སུམ་ཅུ་ཡོངས་འགྲུབ་བྱེད་པ་དང་། ལོ་ཏོག་མུའུ་འབུམ་གཉིས་དང་ཁྲི་བཞི་ཡི་སོན་བཟང་གསོ་སྤེལ་བྱེད་པ་དང་། རྟེན་གཞིའི་ས་བོན་བརྔ་བསྡུ་དང་རིགས་བགོས། ཉར་གསོག་བཅས་ཡོངས་འགྲུབ་བྱེད་པ། བྱང་ཚད་མཐོ་བའི་རོང་འབྲོག་དམངས་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་ཉེར་དྲུག་གསོ་སྦྱོང་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ནས། ཞིང་ཆེན་ཡོངས་ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་ཚད་བརྒྱ་ཆའི་རེ་བདུན་དུ་སླེབས་པར་བྱེད་རྒྱུ་རེད།

དེ་དང་མཉམ་དུ། ལྟ་སྐུལ་མཛུབ་སྟོན་གྱི་རྐྱེན་སྲོལ་འཛུགས་པ་དང་། འགུལ་སྐྱོད་བཀོད་གཏོང་རེའུ་མིག་གཏན་འབེབས་བྱས་ཏེ། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བྱེད་པ་དང་གཅིག་འདོམས་སྒོས་སྤེལ་བར་ཁག་ཐེག་བྱེད་པ། ཕན་པ་ལྡན་པ་དང་རྒྱུ་སྤས་ལེགས་པའི་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་རེད།