མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་བྱ་བ་རྒྱུན་རྣམ་ཅན་དུ་བསྒྱུར།
2022.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་བརྡ་སྦྱོར་སྤེལ་ནས། ཚེས་ལྔ་ཉིན་ནས་བཟུང་། ཞོད་འགོག་འཕྲལ་བསྟུན་བྱེད་ཐབས་སྤྱོད་མཚམས་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་བྱ་བ་རྒྱུན་རྣམ་ཅན་དུ་བཏང་བ་ཡིན་ཞེས་བསྒྲགས། 

གནམ་གཤིས་སྡེ་ཁག་གིས་སྔོན་དཔག་ལྟར་ན། རང་ཞིང་དུ་ཁྱབ་ཁོངས་ཆེ་བའི་ཆར་འབབ་མཚམས་བཞག་པ་དང་། མིག་སྔར་ས་ཆ་སོ་སོའི་ཆར་ཆུ་འབབ་ཚུལ་སྤྱིའི་ཆ་ནས་བརྟན་བརླིང་རེད། མཚོ་སྔོན་ཞིང་ཆེན་ཞོད་འགོག་འཕྲལ་བསྟུན་ཇུས་གཞིའི་འབྲེལ་ཡོད་གཏན་ཁེལ་ལྟར། གྲོས་མོལ་ཞིབ་གཅོད་བྱས་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས། ཟླ་དགུ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་སྟེང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རིམ་པ་བཞི་པའི་ཞོད་འགོག་འཕྲལ་བསྟུན་བྱེད་ཐབས་སྤྱོད་མཚམས་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་བྱ་བ་རྒྱུན་རྣམ་ཅན་དུ་བསྒྱུར།

རྗེས་ཕྱོགས། ཞིང་ཆེན་ཡོངས་ཀྱི་ས་ཆ་ཁ་ཤས་སུ་ཆར་འབབ་སྲིད་པ་མ་ཟད། ས་གཤིས་ཀྱི་གནོད་འཚེ་ཡང་འབྱུང་སྲིད་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆུ་རྒྱས་པའི་སྐབས་ཀྱི་འཕྲལ་བསྟུན་ལས་རེས་ལས་སྲུང་ལ་རྒྱུན་མཐུད་དུ་ཤུགས་སྣོན་པ་དང་། གནམ་གཤིས་དང་ཆར་འབབ་པའི་གནས་ཚུལ་ཐད་ཀྱི་འགྱུར་ལྡོག་ལ་ཧ་ཅང་དོ་སྣང་བྱེད་པ། དུས་ཐོག་ཏུ་གྲོས་མོལ་ཞིབ་གཅོད་བྱེད་པ། བསྐྱར་འབྱུང་གནོད་འཚེ་སྔོན་འགོག་བཟང་པོ་བྱས་ཏེ། ཞོད་འགོག་ཐན་འགོག་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།