མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་གསུམ་བཏོན་ནས་ཞོད་འགོག་རྒུད་སྐྱོབ་གྲ་སྒྲིག་སྟོབས་ཤུགས་ཇེ་ཆེར་བཏང་།
2022.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དགུ་པའི་ཚེས་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། ཞིང་ཆེན་འཕྲལ་བསྟུན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ལྟར། ཞོད་འགོག་རྒུད་སྐྱོབ་དང་རིམས་ནད་འགོག་སྡོམ། འཕྲལ་བསྟུན་ཐག་གཅོད། ས་གཤིས་གནོད་འཚེ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། གནོད་འགོག་དང་གནོད་སེལ། རྒུད་སྐྱོབ་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་ཞིབ་མོ་བྱས་ནས། ཞོད་འགོག་རྒུད་སྐྱོབ་བྱེད་པར་ཁ་གཏད་འཇལ་བར་གྲ་སྒྲིག་བཟང་བོ་བྱས།

ཞིང་ཆེན་འཕྲལ་བསྟུན་ཐིན་གྱིས་མཉམ་ལས་ལས་བགོས་ལམ་ལུགས་བཙུགས་ཏེ། ཐིན་གྱི་འགོ་ཁྲིད་པ་གཙོ་བོས་ཚན་གཙོའི་འགན་འཁུར་བ་དང་། འབྲེལ་ཡོད་ཁྲུའུ་དང་གཞུང་ལས་ཁང་གི་མི་སྣ་ཁོངས་མི་ཡིན་པའི་འཕྲལ་བསྟུན་ཚན་ཆུང་གཏན་འཁེལ་བྱས་ནས། འཕྲལ་བསྟུན་ཐག་གཅོད་ལས་འགན་བགོས་པ་དང་། གློ་བུར་དུ་དོན་རྐྱེན་བྱུང་རྗེས།  མྱུར་དུ་དེའི་ཁྲོད་དུ་ཞུགས་པ་དང་རོགས་ལས་གཞོགས་འདེགས་བྱེད་པ། རང་འགུལ་སྒོས་བྱ་སྤྱོད་སྤེལ་ཐུབ་པར་འགན་སྲུང་བྱས། ཉེན་ཁར་མཉམ་གྲོས་བྱེད་པའི་ལམ་ལུགས་བཙུགས་པ་དང་ཆེད་མི་རྩ་འཛུགས་བྱས་ཏེ་ཉེན་ཁར་གྲོས་མོལ་དང་བརྡར་གཅོད་བྱེད་པ་དང་། གནོད་འཚེ་ཡི་ཉེན་ཁ་དང་ཤུགས་རྐྱེན་ཐེབས་ཚད་ལྟར་དུས་ཐོག་ཏུ་ཁ་གཏད་འཇལ་བའི་ཇུས་གཞི་དང་ཐབས་ཇུས་གཏན་འཁེལ་བྱས། འཕྲལ་བསྟུན་ལས་རེས་ལམ་ལུགས་བཙུགས་ཏེ། དུས་ཚོད་ཉེར་བཞིའི་རྒྱུན་རྣམ་ཅན་གྱི་འཕྲལ་བསྟུན་རེས་སྲུང་ལག་བསྟར་བྱས་པ་དང་། སྔ་མོ་ནས་རྩད་གཅོད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ཉེན་བརྡ་གཏོང་བ། སྔ་མོ་ནས་ཐག་གཅོད་པའི་རེ་བ་ལྟར། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གློ་བུར་དུ་བྱུང་བའི་དོན་དག་གི་ཆ་འཕྲིན་ཐག་གཅོད་བྱ་བ་བཟང་བོར་བསྒྲུབས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།