དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་ཞེས་པ་བརྗོད་སྙིང་ཡིན་པའི་ཉིས་སྟོང་ཉེར་གཉིས་ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་དེ་ཟླ་དགུ་པའི་ཚེས་ལྔ་ཉིན་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་དང་མཉམ་དུ་སྤེལ་མགོ་བརྩམས། ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཏང་ཨུའི་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་སློབ་གསོ་ཐིན་སོགས་ལས་ཁུངས་བཅུ་གསུམ་གྱིས་མཉམ་དུ་སྤེལ་བ་རེད། ཐེངས་འདིའི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྔོན་ལོ་དང་མི་འདྲ་བར་དྲ་ལམ་ནས་སྤེལ་བ་དང་། མང་ཚོགས་ཀྱིས་གོ་བདེ་ཞིང་ལྟ་འདོད་མཐོང་འདོད་ཆེ་བའི་ཐབས་ལམ་སྤྱད་དེ། དྲ་རྒྱའི་བདེ་འཇགས་འདུ་ཤེས་དྲིལ་སྒྲོག་བྱས་པ་དང་། དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་དྲ་རྒྱའི་བདེ་འཇགས་ནུས་རྩལ་ཁྱབ་གདལ་དུ་བཏང་ཡོད།
ཚོགས་ཡུན་གཟའ་འཁོར་གཅིག་ཡིན་པའི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྐབས་སུ། སློབ་རའི་ཉིན་མོ་དང་གློག་འཕྲིན་ཉིན་མོ། ཁྲིམས་སྐྱོང་ཉིན་མོ། དངུལ་རྩའི་ཉིན་མོ། ན་གཞོན་ལོ་ཆུང་ཉིན་མོ། མི་སྒེར་གྱི་བརྡ་འཕྲིན་སྲུང་སྐྱོབ་ཉིན་མོ་བཅས་ཀྱི་བརྗོད་དོན་ཉིན་མོའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་སྐུད་ཐོག་ལན་འདེབས་དང་དྲ་རྒྱའི་བདེ་འཇགས་དྲ་ཐོག་སློབ་གསོའི་གསོ་སྦྱོང་། དྲ་རྒྱའི་བདེ་འཇགས་ཀྱི་སྤྱི་ཕན་འཕྲིན་ཐུང་སྤེལ་བ། དྲ་རྒྱའི་བདེ་འཇགས་གཞི་རིམ་དུ་བསྐྱལ་བ་སོགས་བྱ་འགུལ་མང་བོ་སྤེལ་རྒྱུ་རེད། སྒྲུབ་རོགས་བྱེད་པའི་ལས་ཁུངས་སོ་སོས་མཉམ་དུ་དྲ་རྒྱའི་བདེ་འཇགས་དེ་གཞིས་ཁུལ་དང་། ཞིང་སྡེ། ཁེ་ལས། ལས་ཁུངས། སློབ་ར། ཁྱིམ་ཚང་བཅས་སུ་སྐྱེལ་བའི་དྲིལ་སྒྲོག་ཁྱབ་གདལ་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་ཁུལ་ཏང་ཨུའི་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་སོ་སོས་དུས་མཚུངས་སུ་ཉིས་སྟོང་ཉེར་གཉིས་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་མ་ཟད། དེའི་ཞོར་དུ་སློབ་གསོ་དང་སྤྱི་བདེ། བཟོ་ཚོགས། གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་བར་མཐུན་སྦྱོར་བྱས་ཐོག་དྲ་རྒྱའི་བདེ་འཇགས་གཞིས་ཁུལ་དང་ཞིང་སྡེ། ཁེ་ལས། ལས་ཁུངས། སློབ་ར། ཁྱིམ་ཚང་བཅས་སུ་སྐྱེལ་བའི་དྲིལ་སྒྲོག་ཁྱབ་གདལ་བྱ་འགུལ་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་དྲ་རྒྱའི་བདེ་འཇགས་ཀྱི་སེམས་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་མ་ཟད། ཤུགས་ཆེན་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དྲ་རྒྱའི་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།